ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཁྲོམ་གཞུང་འཇག་མ་གླིང་ག་སྡེ་ཁུལ་དུ་ཕེབས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། དམངས་ཕན་ཞབས་ཞུ་སོགས་ཀྱི་ཐད་བརྟག་ཞིབ་གནང་བ་དང་འབྲེལ། གྲོང་མི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།
ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཁྲོམ་གཞུང་འཇག་མ་གླིང་ག་སྡེ་ཁུལ་དུ་ཡན་ཅིན་ཧའེ་ཡིས་འགྲེམས་པང་ལ་གཟིགས་པ་དང་། སྙན་སེང་གསན་པ། ལས་དོན་པ་དང་གླེང་མོལ་གནང་སྟེ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྡེ་ཁུལ་གྱི་ལས་དོན་ནི་ངོ་བོའི་ཐོག་མང་ཚོགས་ཀྱི་ལས་དོན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཆང་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། གྲོང་མི་ཚང་མས་ཏང་གི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ནས། གཞི་རིམ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་འགག་རྩ་ནི་དོན་འཁྱོལ་ལ་རག་ལས་པ་དང་གཙོ་གནད་ནི་གཞི་རིམ་ལ་རག་ལས་ཡོད། བསམ་བློའི་གཞི་རྩ་བརྟན་པོ་འཛུགས་དགོས་ཤིང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་སོགས་ཀྱི་ཐད་འབད་བརྩོན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་ལས་ཀའི་བླང་བྱ་དག་སྡེ་ཁུལ་དུ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དམག་འཐབ་མཁར་རྫོང་སྟོབས་ཆེར་བསྐྲུན་དགོས་ཤིང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་ཁུལ་ཆུང་བཅོས་སྐྱོང་དང་དྲ་མིག་ཅན་གྱི་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཏང་ཀྲི་པུའུ་འཛུགས་སྐྱོང་ཁྲོད་ཀྱི་ལྷུ་ཚིགས་ཉམས་ཞན་རྒྱུན་མཐུད་དག་ཐེར་བྱས་ཏེ། ཏང་སྤྱི་ཁྱབ་ཀྲི་པུའུ་དང་ཏང་ཀྲི་པུའུ་གཞི་རིམ་བཅོས་སྐྱོང་གི་རྟེན་གནས་སུ་དངོས་འབྲེལ་འགྱུར་བ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་སྡེ་ཁུལ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྡེ་ཁུལ་ཏང་ཡོན་གྱིས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ་གཞི་རིམ་བཅོས་སྐྱོང་དང་། འཕྲལ་སྡོམ་ལས་བྱ། ཤེས་དཔལ་སྲོལ་གཏོད། དུས་བདེ་འཛུགས་སྐྱོང་སོགས་གཙོ་གནད་ལས་འགན་ཁྲོད་ཐོབ་ཐང་མངོན་པ་དང་མིག་དཔེ་སྟོན་དགོས་པ་དང་། ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་གཙང་སྒྲུབ་བྱེད་པ། གྲོང་མི་སྐུལ་ཁྲིད་ཀྱིས་མཉམ་སྐྲུན་མཉམ་བཅོས་བྱེད་པ། ཏང་ཡོན་གྱི་དཔེ་སྟོན་ལ་བརྟེན་ནས་ཁྱིམ་མཚེས་སེམས་མཐུན་ཡོང་བ་བཅས་བྱས་ཏེ་སྡེ་ཁུལ་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།