ཧུའུ་ཁྲང་ཧྲེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་པ་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཀུང་ཧུའེ་ཚའེ་དང་ཧོ་ལུའུ་ཁྲུན་ཞུགས་པ།

ཟླ་11ཚེས་2དང་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཉིང་ཁྲི་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་འཐབ་ས་དང་པོར་བརྟག་ཞིབ་གནང་བ་དང་འབྲེལ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པར་ཕེབས་ཤིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དམག་སྡེ་གྲོང་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། ཐོན་སྐྱེད་དང་འཚོ་བ་དང་། ལས་ཞུགས་འབབ་འཕར། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཟླ་11ཚེས་2དང་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཉིང་ཁྲི་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་འཐབ་ས་དང་པོར་བརྟག་ཞིབ་གནང་བ་དང་འབྲེལ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པར་ཕེབས་ཤིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་སྨན་གླིང་གྲོང་ཁྱེར་གཏམ་སྙན་ཤང་ཁམ་བུ་རྭ་གྲོང་ཚོའི་ཆོས་སྒྲོན་ཁྱིམ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བཞིན་པ།
ཟླ་11ཚེས་2དང་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དང་། མེ་ཏོག་རྫོང་། སྨན་གླིང་གྲོང་ཁྱེར་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་འཐབ་ས་དང་པོར་བརྟག་ཞིབ་གནང་བ་དང་འབྲེལ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པར་ཕེབས་ཤིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་ལྷོད་མེད་བྱེད་པ། སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།
སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ས་སྡིངས་གྲོང་ཚོ་དང་། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དམག་སྡེ་གྲོང་ཚོ། འབྲས་སྤུངས་ཤང་དམངས་ཕན་ཞབས་ཞུ་ལྟེ་གནས། སྨན་གླིང་གྲོང་ཁྱེར་གཏམ་སྙན་ཤང་ཁམ་བུ་རྭ་གྲོང་ཚོ་བཅས་སུ། ཧུའུ་ཁྲང་ཧྲེང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་དུད་ཚང་དུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཚང་མར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། ཐོན་སྐྱེད་དང་འཚོ་བ་དང་། ལས་ཞུགས་འབབ་འཕར། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་བླང་བྱ་ཁ་གསལ་བཏོན་གནང་བར་དགོངས་པའི་རང་བཞིན་དང་། ཆབ་སྲིད་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “བཙན་རྫོང་འདུ་འགོད”འཛུགས་སྐྱོང་དང་ལྷག་བསམ་རྣམ་དག་གི་སློབ་གསོ་ནན་ཏན་སྤེལ་བ། ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། གདོང་ལེན་རུ་ཁག་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། དམངས་ལ་འཆང་བའི་བརྩེ་སེམས་བརྟན་པོར་སྲུང་བ་དང་། མང་ཚོགས་ལ་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོས་ཞབས་འདེགས་ཞུ་བ། གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་གསུམ”གྱི་དོ་དམ་ལམ་ལུགས་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་རྒྱུན་མཐུད་གཏོང་བ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་རྒྱ་སྟོབས་ཆེ་རུ་གཏོང་བ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ནུས་ལྡན་ངང་སེལ་བ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས།
རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ། ཧུའུ་ཁྲང་ཧྲེང་གིས་ཨར་སྐྲུན་མྱུར་ཚད་དང་། སྒྲིག་ཆས་འཁོར་སྐྱོད། ཨར་སྐྲུན་བདེ་འཇགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དེ་ལས་གྲྭའི་ཨར་ལས་དང་དོ་དམ་བཀོལ་སྤྱོད་བདག་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་གུང་རི་གྲོང་ཚོ་དང་། མེ་ཏོག་གྲོང་རྡལ་གྱི་སྒྲོལ་མ་རི། འབྲས་སྤུངས་ཤང་ཡར་ཀླུང་གཙང་པོའི་མ་ཡུམ་ཐང་ཆེན་བཅས་སུ་ཕེབས་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་གྱི་སྙན་སེང་ནན་ཏན་ངང་གསན་ཞིང་། ཁོང་གིས། “བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་པའི་གནས་ཚད་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བརྒྱུད་རིམ་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་འཛུགས་པ་དང་། ས་གཤིས་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་བྱེད་པར་ཤུགས་སྣོན་རྒྱག་པ། སྤྱི་ཡོངས་ཀྱི་འཆར་འགོད་ཞིབ་ཚགས་བྱེད་པ། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་མཐོངས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་བཀོད་སྒྲིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་མེ་ཏོག་རྫོང་གི་པད་མའི་དཔེ་ཁང་དང་སྒོར་སྒོར་ཐང་ཇ་ལོ་འདེབས་འཛུགས་རྟེན་གཞིར་ཕེབས་ནས་མེ་ཏོག་རྫོང་གི་ཁྲོམ་རའི་བྱེད་པོར་འཚམས་འདྲི་གནང་བ་དང་། ཁྱད་ལྡན་ཞིང་ལས་འདེབས་འཛུགས་དང་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་པ། ཐོན་ལས་ཀྱི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ཞིང་འབྲོག་ལས་དང་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་འཁོར་འབྲེལ་སྣུར་སྲིང་དང་གསབ་པ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ཐོན་རྫས་ཀྱི་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་ཀྱི་སྤུས་རྟགས་གཏོད་པ། ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་གཏོད་པ་དང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་ཡར་ཀླུང་གཙང་པོའི་མཐའ་མཚམས་མངགས་གཏོང་ཁང་དུ་ཕེབས་ནས་གཞི་རིམ་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་གནང་བ་དང་། སྡོད་བྱ་དང་ལས་གྲབས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཧུའུ་ཁྲང་ཧྲེང་ད་དུང་མེ་ཏོག་རྫོང་འབྲས་སྤུངས་ཤང་སློབ་ཆུང་དུ་ཕེབས་ནས་དགེ་སློབ་ལ་གཟིགས་པ་དང་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནུས་པ་གང་ལེགས་འདོན་པ། སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། སློབ་མ་རྣམས་མཐོང་རྒྱ་ཡངས་པ་དང་། ཕུགས་འདུན་ཆེ་བ། མེས་རྒྱལ་ལ་དྲིན་ལན་འཇལ་བ་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པར་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།