ཀརྨ་ཚེ་བརྟན་གྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་གེགས་ཁུལ་དུ་བརྟག་ཞིབ་གནང་བ།
ཟླ་10ཚེས་31ཉིན་ནས་ཟླ་11ཚེས་2ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་གེགས་ཁུལ་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ། གནོད་འཚེ་ཕོག་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།
ཀརྨ་ཚེ་བརྟན་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རྨས་སྐྱོན་ཕོག་ཚུལ་དང་སྨན་བཅོས་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། འབྲེལ་ཡོད་སྡེ་ཚན་ལ་སྨན་བཅོས་དྲག་སྐྱེད་དང་། སེམས་གསོ། མི་ཆོས་རིག་གནས་ཀྱི་སེམས་ཁུར་བཅས་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་གནོད་འཚེ་ཕོག་ཚབས་ཆེ་བའི་དམར་རུ་ཤང་དང་གངས་ཆེན་ཤང་སོགས་སུ་ཕེབས་ནས་ས་ཡུལ་དངོས་སུ་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་གཏོར་སྐྱོན་ཕོག་ཚུལ་ལ་གཟིགས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། སྦྲ་ཆེན་རྫོང་ཨར་ཤོག་ཤང་དང་སྦྲ་ཆེན་ཤང་སོགས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ཁོང་གིས་བཀོད་སྒྲིག་དུད་ཚང་དུ་ཕེབས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་དང་གླེང་མོལ་གནང་བ་དང་། ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་འགན་ལེན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། དཀའ་ངལ་དང་རེ་ཞུ་གསན་པ་དང་འབྲེལ་མེ་ཟོན་དང་། འཕྲལ་སྡོམ། སྨན་བཅོས། གློག་ཤུགས། འཕྲིན་གཏོང་སོགས་མདུན་ཕྱོགས་ཀྱི་ལས་དོན་མི་སྣར་གཟིགས་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བཀོད་སྒྲིག་འོས་འཚམ་བྱུང་བ་རྟོགས་རྗེས་ཀརྨ་ཚེ་བརྟན་གྱིས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཡོད་པས། ང་ཚོས་ཡོམ་འགོག་གེགས་སེལ་གྱི་མཐའ་མའི་རྒྱལ་ཁ་ལེན་ཐུབ་ངེས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད་ཅེས་ལྕག་སྐུལ་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཡོམ་འགོག་གེགས་སེལ་དེ་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་བསྐྱར་སྐྲུན་ལས་ཀའི་ཕན་འབྲས་དངོས་སུ་བསྒྱུར་བར་བྱས་ཏེ་འཕྲལ་མར་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་ཀྱིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་བྱས་ནས་མང་ཚོགས་རྣམས་དུས་བཀག་ལྟར་བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དྲོད་སྲུང་དངོས་ཟོག་དང་། འཚོ་བའི་མཁོ་ཆས། རྒྱུན་མཁོའི་སྨན་རྫས་བཅས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། སློབ་འགོ་ཚུགས་ནས་སློབ་ཚན་བསྐྱར་དུ་འཚོགས་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཞིང་འབྲོག་ལག་རྩལ་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཞོར་ཐོན་གནོད་འཚེ་འགོག་ཟོན་ནན་པོ་བྱེད་པ་དང་། ཡོམ་འཕྲོར་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱེད་པ། ས་གཤིས་ཀྱི་མངོན་མེད་རྐྱེན་ངན་བབ་བསྟུན་གྲལ་བཤེར་བྱེད་པ། མེ་དང་གློག་སྤྱོད་པ་དང་བཟའ་བཅའི་བདེ་འཇགས། འཕྲོད་བསྟེན་རིམས་འགོག་བཅས་ལ་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།
བརྟག་ཞིབ་ཀྱི་ལམ་ཞོར་དུ་ཀརྨ་ཚེ་བརྟན་གྱིས་ད་དུང་སྟབས་བསྟུན་ངང་འབྲི་རུ་རྫོང་རྩ་ལ་ཤང་རྩ་ལ་གྲོང་ཚོའི་བཀྲ་ཤིས་ཉི་མའི་ཁྱིམ་དུ་ཕེབས་ཏེ་ཅི་འཕྲོས་མོལ་འཕྲོས་གནང་བཞིན། ཁྱིམ་ཚང་གི་གནས་ཚུལ་དང་། ལས་ཞུགས། ཡོང་འབབ། ཕུགས་འདུན་སྐོར་གླེང་ནས། ནང་མི་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ་ཉེ་འགྲམ་གྱི་མང་ཚོགས་དེ་བས་མང་བར་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་སྐུལ་ཁྲིད་བྱེད་པ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་གྲ་རྒྱས་སུ་དང་ཁྱིམ་གཞིས་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་མཛེས་སྡུག་ལྡན་པར་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།