ཧུའུ་ཁྲང་ཧྲེང་གིས་ཆབ་མདོ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ནུས་ཆེའི་བཅོས་སྐྱོང་ལ་ཁྲིད་སྟོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཀུང་ཧུའེ་ཚའེ་དང་ཧོ་ལུའུ་ཁྲུན་ཞུགས་པ།

ཟླ་10ཚེས་30ཉིན་ནས་ཟླ་11ཚེས་2ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཆབ་མདོ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་འབྲེལ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ།
ཟླ་10ཚེས་30ཉིན་ནས་ཟླ་11ཚེས་2ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། འཇོ་མདའ་རྫོང་། ཁ་རུབ་ཆུས། བྲག་གཡབ་རྫོང་། དཔའ་ཤོད་རྫོང་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་འབྲེལ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ནུས་ཆེའི་བཅོས་སྐྱོང་ལ་ཁྲིད་སྟོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པའི་ནན་བཤད་གནང་བ་རེད།
མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་དཀྱིལ་ཡངས་གྲོང་ཚོ་དང་། སྨར་ཁམས་རྫོང་ནོར་གནས་གྲོང་ཚོ། གོ་འཇོ་རྫོང་མདའ་སོང་གྲོང་ཚོ། འཇོ་མདའ་རྫོང་མཁར་སྒང་ཤང་ཁྲལ་མཚོ་གྲོང་ཚོ། ཁ་རུབ་ཆུས་ཐོ་པ་གྲོང་ཚོ། བྲག་གཡབ་རྫོང་དཀྱིལ་ཐང་སྡེ་ཁུལ། དཔའ་ཤོད་རྫོང་ར་འོག་གྲོང་ཚོ་བཅས་སུ་ཧུའུ་ཁྲང་ཧྲེང་གིས་གྲོང་ཚོའི་མང་ཚོགས་དང་། གཞི་རིམ་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་གནས་ཚུལ་དངོས་གསན་པ་དང་འབྲེལ། འགྱུར་ལྡོག་དང་འབྱུང་འགྱུར་སྐོར་ཡང་གླེང་བ་དང་། ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས“མཁར་རྫོང་འདུ་འགོད”འཛུགས་སྐྲུན་དང་ལྷག་བསམ་རྣམ་དག་གི་སློབ་གསོ་རྒྱ་ཁྱབ་སྤེལ་བ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་དོན་ཡོངས་བསྒྲགས་དང་གྲོང་ཚོ་རིམ་པའི“མ་དངུལ་གསུམ”ལ་དོ་དམ་དང་བེད་སྤྱོད་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་ལས་བརྩོན་ཕྱུག་འགྱུར་ཡོང་བ་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད། མཛོ་སྒང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སུ་ཧུའུ་ཁྲང་ཧྲེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། གཅིག་ཤེས་ཀུན་གྲོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དབང་ཆའི་གསལ་ཐོ་ཞིབ་ཚགས་སུ་གཏོང་བ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་སྤྱོད་གཙང་གཏོད་རྒྱུར་སྐུལ་འདེད་གཏོང་བ། རུལ་སུངས་མ་བྱུང་སྔོན་འགོག་བཅས་བྱས་ནས“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
སྨར་ཁམས་རྫོང་འགག་མདོ་ཤང་མངགས་གཏོང་ཁང་དང་གོ་འཇོ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཧུའུ་ཁྲང་ཧྲེང་གིས་གཞི་རིམ་ལས་བྱེད་པ་དང་ལས་བཟོའི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། གཞི་རིམ་བཅོས་སྐྱོང་དང་། ནག་སེལ་གཤེད་བཅོམ། འགལ་ཟླ་དང་རྩོད་གཞི་སེལ་བ་སོགས་ཀྱི་ལས་དོན་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ལྷག་བསམ་རྣམ་དག་གི་ཉེན་རྟོག་པའི་བླ་སྲོག་བརྟན་པོར་འཛུགས་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཉེན་ཁར་མཐའ་དཔྱོད་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རང་འགུལ་ངང་བདེ་འཇགས་གཏོད་པ་དང་རང་འགུལ་ངང་བརྟན་ལྷིང་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཆད་འགོག་མཉམ་འཛིན་མཐའ་འཁྱོངས་དང་རྩ་ལག་མཉམ་བཅོས་ལ་སྣང་ཆེན་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་དུས་བདེ་ཞི་མཐུན་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ཏེ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། ཧུའུ་ཁྲང་ཧྲེང་ཧྭ་ནུས་རོང་མེ་སྤང་མདོ་ཆུ་ཤུགས་གློག་ཁང་ལས་གྲྭ་འཛུགས་སྐྲུན་དོ་དམ་ཅུས་དང་། ཧྭ་གློག་གོ་འཇོ་ལྷ་ཐོ་འོད་ཤུགས་གློག་ཁང་། བོད་ལྗོངས་བོད་ཤར་ལྷོའི་ནུས་རྒྱུ་གཙང་མ་གསར་སྤེལ་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་དང་། དོ་དམ། འཁོར་སྐྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་འཚོ་རྟེན་ལས་སྤྲོད་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་མུ་མཐུད་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་རྣམ་གྲངས་འཛུགས་སྐྲུན་དང་། དོ་དམ། འཁོར་སྐྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ལས་གྲྭའི་སྤུས་ཚད་དང་ཨར་ལས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། བོད་ལྗོངས་ཁམས་རག་ཆང་ལས་ཚད་ཡོད་ཀུང་སི་དང་དཔའ་ཤོད་རྫོང་སྣམ་བུའི་གྱོན་ཆས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སིར་ཧུའུ་ཁྲང་ཧྲེང་འཁོར་ཁང་དུ་ཕེབས་པ་དང་། ཐོན་རྫས་ལ་གཟིགས་པ། བྲིན་ཚོང་སྐོར་བཀའ་འདྲི་གནང་བ་མ་ཟད། ད་དུང་ཁྲོམ་རའི་ཚོང་སྒྱུར་དང་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རྩེ་གྲ་བཟོ་སེམས་ཟབ་ཏུ་གཏོང་བ་དང་། ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་བ། ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཐོན་ལས་ཀྱིས་ཞིང་འབྲེལ་ཞིང་ཁྲིད་དང་ཞིང་ཕྱུག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཁྲོད་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་དང་ཕན་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལ་སྒོ་འཁྱགས་རོམ་དུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་ས་གནས་ས་ཐོག་ཏུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལན་སྤྲོད་གནད་དོན་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་ལན་སྤྲོད་གནད་དོན་ལ་དག་ཐེར་དངོས་འབྲེལ་དང་། དག་ཐེར་ཏན་ཏིག དག་ཐེར་གནད་སྨིན་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་ཆུ་བོ་གཅིག་ལའང་སྦགས་བཙོག་མི་བཟོ་བ་དང་། རི་བོ་གཅིག་ལའང་གཏོར་བཤིག་མི་གཏོང་བ། འཁྱགས་རོམ་ཚང་མར་སྲུང་སྐྱོང་ཡག་པོ་བཅས་བྱས་ནས“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
མཛོ་སྒང་དགོན་དང་། ཐང་སྐྱ་དགོན། བྱམས་པ་གླིང་དགོན་བཅས་སུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་དགོན་སྡེའི་དོ་དམ་དང་། རིག་དངོས་སྲུང་སྐྱོང་། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་བཞུགས་མོལ་གནང་ཞིང་། ཁོང་གིས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཆོས་ལུགས་སྲིད་ཇུས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། དགོན་སྡེ་དོ་དམ་ཨུ་ལྷན་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།