ཧུའུ་ཁྲང་ཧྲེང་གིས་བརྙན་ལམ་བརྒྱུད་དམིགས་བསལ་གྱི་གངས་ཆར་གནམ་གཤིས་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་བཀོད་གཏོང་གནང་སྐབས་ནན་བཤད་གནང་དོན།
མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཌ་ལ་འགན་ལེན་བྱེད་དགོས།
ཀུང་ཧུའེ་ཚའེ་དང་ཧོ་ལུའུ་ཁྲུན་ཞུགས་པ།

ཟླ་10ཚེས་30ཉིན་གྱི་དགོང་མོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་སྨར་ཁམས་རྫོང་སྤྱི་བདེ་ཅུས་སུ་ཕེབས་ནས་བརྙན་ལམ་བརྒྱུད་དམིགས་བསལ་གྱི་གངས་ཆར་གནམ་གཤིས་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་བཀོད་གཏོང་གནང་བ།
ཉེ་ཆར། རང་ལྗོངས་ཀྱི་ས་ཆ་ཁག་གཅིག་ལ་དམིགས་བསལ་གྱི་དྲག་ཆར་དང་གངས་ཆེན་པོ་བབས་ནས་གློག་ཤུགས་མཁོ་འདོན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ལ་ཤུགས་རྐྱེན་ཐེབས་ཡོད། ཟླ་10ཚེས་30ཉིན་གྱི་དགོང་མོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་སྨར་ཁམས་རྫོང་སྤྱི་བདེ་ཅུས་སུ་ཕེབས་ནས་བརྙན་ལམ་བརྒྱུད་དམིགས་བསལ་གྱི་གངས་ཆར་གནམ་གཤིས་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་བཀོད་གཏོང་གནང་ཞིང་། ཁོང་གིས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་པ། ནུས་ཤུགས་ཡོད་རྒུས་བདེ་འཇགས་ལ་འགན་སྲུང་དང་། ཤར་གཏོང་ལ་འགན་ལེན། མཁོ་སྤྲོད་ལ་འགན་ལེན། དམངས་འཚོར་འགན་ལེན་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྨར་ཁམས་རྫོང་སྤྱི་བདེ་ཅུས་སུ་ཧུའུ་ཁྲང་ཧྲེང་གིས་གཞིས་རྩེ་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། རང་སྐྱོང་ལྗོངས་གནམ་གཤིས་ཅུས། རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་སོགས་ས་ཁུལ་དང་གྲོང་ཁྱེར་དང་། ཚན་པ་དང་ཁེ་ལས་དང་སྐབས་བསྟུན་འབྲེལ་མཐུད་གནང་ནས་ལས་དོན་སྙན་སེང་གསན་ཏེ། གནོད་འཚེ་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་དང་དཀའ་ངལ་ཐག་གཅོད་བྱེད་པར་མཛུབ་ཁྲིད་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས། གངས་ཆར་ཆེན་པ་བབས་རྗེས། གནམ་གཤིས་དང་། གློག་ཤུགས། འཕྲིན་གཏོང་སོགས་ཀྲུང་དབྱང་ཐད་གཏོགས་ཚན་པ་དང་ཁེ་ལས་དང་། གཞིས་རྩེ་གྲོང་ཁྱེར། མངའ་རིས་ས་ཁུལ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སོགས་ས་ཁུལ་དང་གྲོང་ཁྱེར་དང་ཚན་པས་ལས་གནས་བརྟན་སྲུང་དང་། བཀོད་གཏོང་ཐབས་མཁས། བཀོད་འདོམས་ནུས་ལྡན། བྱ་ཐབས་གནད་སྨིན་དང་དུས་ཐོག་བཅས་བྱས་ནས་ཐོབ་པའི་ཚང་མའི་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད།
ཧུའུ་ཁྲང་ཧྲེང་གིས། རེས་སྐོར་འདིའི་དྲག་ཆར་དང་གངས་ཆེན་པོ་བབས་པའི་དམིགས་བསལ་གྱི་གནམ་གཤིས་ལ་གནོད་འཚེའི་ཉེན་ཁ་ཆེ་བས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་དང་རིམ་ཁག་སྡེ་ཚན་ཁག་གིས“རྟག་ཏུ་བློ་བཟོད་མི་བདེ་བའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་དོར་བ་དང་སྤྱི་འདོམས་བཀོད་གཏོང་དང་སྔོན་ཚུད་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་དོགས་ཟོན་དང་ཁ་གཏད་གཅོག་པའི་བྱ་ཐབས་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་གཅོད་དང་། གྲོས་མོལ་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ། གནམ་གཤིས་ཀྱི“1263”ཞིབ་ཚགས་ཅན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ཞབས་ཞུའི་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་བྱེད་ཚད་མང་དུ་གཏོང་བ། གནམ་གཤིས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་གནད་སྨིན་ཁྱབ་བསྒྲགས་བཅས་བྱས་ནས་གནོད་འཚེ་སྔོན་འགོག་དང་སེལ་བའི་གྲ་སྒྲིག་ཏན་ཏིག་བྱེད་དགོས། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ས་དང་། ནུས་རྒྱུ་སྒྲིག་བཀོད། ཉེན་ཡོད་སྡོད་ཁང་རྙིང་པ། འཛུགས་སྐྲུན་ཨར་ལས། གྲོང་ཁྱེར་འཁོར་རྒྱུག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་དང་ལེན་དུས་ཐོག་ཏུ་བྱེད་པ། ཉེན་ཁ་འཕྲད་པའི་མང་ཚོགས་འཕྲལ་མར་གནས་སྤོ་བཅས་བྱས་ནས་ཞོར་ཐོན་གནོད་འཚེ་དང་ལས་འཛོལ་སྣ་ཚོགས་མ་ཐོན་སྔོན་འགོག་བྱེད་དགོས། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་སྡོད་བྱ་དང་ལས་གནས་བརྟན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་དང་གེགས་སེལ་དངོས་ཟོག་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་འཕྲད་ཚེ་མགྱོགས་མྱུར་རོགས་སྐྱོབ་དང་ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་ཐུབ་པ་བཅས་བྱས་ནས་མ་བྱུང་སྔོན་འགོག་དངོས་འབྲེལ་ཐུབ་པར་བྱེད་དགོས། ནུས་རྒྱུ་དང་། གློག་ཤུགས། འཕྲིན་གཏོང་བཅས་ཀྱི་འགན་སྲུང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། འཕྲལ་སྡོམ་མྱུར་བཟོ་དཔུང་ཁག་བཀོད་སྒྲིག་འདང་ངེས་བྱེད་པ། སྒྲིག་བཀོད་ཁག་གི་གེགས་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་འཁོར་སྐྱོད་བརྟན་པོ་ཐུབ་པའི་འགན་ལེན་བྱེད་དགོས། ལམ་དྲའི་སྐོར་ཞིབ་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་ལམ་གྱི་ཆ་འཕྲིན་གནས་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ། འགྲོ་ལམ་གྱི་འགོག་རྐྱེན་དུས་ཐོག་ཏུ་སེལ་བ། རླངས་འཁོར་གོ་རིམ་ལྡན་པའི་ངང་སྐྱོད་ཐུབ་པར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལམ་དྲ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་སེལ་བའི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་་པ་བཅས་བྱས་ནས། དམིགས་བསལ་གྱི་གངས་ཆར་གནམ་གཤིས་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་མཉམ་དུ་ལེགས་པར་སྒྲུབ་པའི་རྣམ་པ་བཟང་པོ་གཏོད་དགོས། ལས་ཀའི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་ནས་ལས་ཀའི་བྱེད་ཐབས་ལེགས་སུ་་གཏོང་བ་དང་གནད་དོན་ཐག་གཅོད་མཐུན་སྦྱོར་བྱེད་པ། ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།