དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀུང་ཧུའེ་ཚའེ་ཡིས་འགན་གཙང་འགན་ལེན་གྱི་འབྲེལ་གཏུག་གྲོང་གསེབ་དང་། ཁེ་ལས། དགོན་སྡེ། གཞི་རིམ་བཅས་ཀྱི་ཏང་ཀྲི་པུའུ་རུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-31

    ཟླ་10ཚེས་26ཉིན་ནས་ཚེས་28ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། དྲུང་ཆེ། སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཡིས་གཞིས་རྩེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ཕེབས་ནས་འགན་གཙང་འགན་ལེན་གྱི་འབྲེལ་གཏུག་གྲོང་གསེབ་དང་། ཁེ་ལས། དགོན་སྡེ། གཞི་རིམ་བཅས་ཀྱི་ཏང་ཀྲི་པུའུ་རུ་བརྟག་ཞིབ་གནང་བ་དང་འབྲེལ། ལས་བྱེད་པ་དང་མང་ཚོགས་དང་ཁེ་ལས་ཀྱི་འགན་འཁུར་བ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་། ས་ཡུལ་དངོས་སུ་ལས་དོན་ལ་མཛུབ་ཁྲིད། དཀའ་ངལ་ཐག་གཅོད། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    འབྲུག་ནོར་ཟངས་གཏེར་དང་། བོད་ལྗོངས་ཧྭ་གློག་སྙེ་མོ་རླུང་འོད་གློག་འདོན་རྟེན་གཞི། མཚོ་བོད་ལྕགས་ལམ་ཕྱི་ཕྱོགས་གློག་སྐྱེལ་ལྷ་ས་ནུབ་འདབས་500kVགློག་སྒྱུར་ལས་གྲྭ ཀྲུང་ཀོང་ཉིང་གློག(འདམ་གཞུང)འོད་ཤུགས་དང་འོད་དྲོད་གཞི་གཅིག་ཅན་གྱི་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ས་ཚིགས་སུ་ཀུང་ཧུའེ་ཚའེ་ཡིས་ཐོན་སྐྱེད་འཁོར་ཁང་དང་ཨར་ལས་ཀྱི་འཐབ་ས་དང་པོར་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཐོན་ལས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་དང་བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་། རང་འགུལ་ངང་ཇུས་འགོད། ནུས་ཆེའི་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ལ་དོགས་ཟོན་དང་བཀག་འགོག་བྱེད་དགོས། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ནས་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམིགས་སའི་རང་བཞིན་ལྡན་པའི་ངང་རྩལ་ནུས་གསོ་སྦྱོང་བྱས་ཏེ་མང་ཚོགས་ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་པར་བྱེད་དགོས།

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དར་རོང་གྲོང་རྡལ་དང་། གནའ་རྫས་ཚོང་དོན་ཀུང་སི། འདམ་གཞུང་རྫོང་སྨན་རྩིས་ཁང་། ཀོང་ཐང་ཤང་སློབ་ཆུང་གི་གནས་ཡུལ་གསར་པ། གནམ་མཚོའི་ཁེ་ལས་ཀུང་སི་བཅས་སུ་ཀུང་ཧུའེ་ཚའེ་ཡིས་ས་ཡུལ་དངོས་སུ་ནགས་དཔོན་ལམ་ལུགས་དང་། ཁྱད་ལྡན་ཐོན་ལས། གྲོང་གསེབ་དར་རྒྱས། དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཙུགས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལེགས་སུ་དང་སྟོབས་ཆེར་གཏོང་བ་དང་། འཁོར་འབྲེལ་སྣུར་སྲིང་དང་བཟང་སྤེལ་ཞན་སེལ་བྱས་ཏེ་ཆེད་ལས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོའི་གནད་དོན་གལ་ཆེ་ཤོས་ཡིན་པ་མཐའ་འཁྱོངས་བྱས་ནས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

    ལྷ་ས་གྲོང་ཁྱེར་གྱིས་འདམ་གཞུང་རྫོང་ཆུ་བེད་ཅུས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་གཏན་འཁེལ་བྱས་པར་ཀུང་ཧུའེ་ཚའེ་ཡིས་ཚང་མ་དང་མཉམ་དུ་དག་ཐེར་ལེགས་གཏོང་གི་བྱ་ཐབས་ཐད་ཞིབ་འཇུག་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་ཀྲི་པུའི་ཆབ་སྲིད་ཀྱི་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས། ཀྲི་པུའུ་ཚན་ཁག་མུ་མཐུད་སྟོབས་ཆེར་བཏང་ནས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། “ཏང་འཛུགས་སྐྱོང་སྟོབས་ཆེར་ཕྱིན་ན་ལས་སྒོ་བྱང་ཆུབ་པ་དང་། ལས་སྒོ་སྟོབས་ཆེར་ཕྱིན་ན་ཏང་འཛུགས་སྐྱོང་ཏན་ཏིག་ཡོང་བའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་བ་དང་སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས།

    ཀུང་ཧུའེ་ཚའེ་ད་དུང་འགན་གཙང་འགན་ལེན་གྱི་དགོན་སྡེར་ཕེབས་ནས་རིག་དངོས་སྲུང་སྐྱོབ་དང“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།