དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    ཟླ་10ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། དུས་བདེ་འཛུགས་སྐྱོང་། ཕྱི་ཕྱོགས་སྒོ་དབྱེ། དཔལ་འབྱོར་འཁོར་སྐྱོད་སོགས་ཀྱི་ལས་དོན་སྐོར་ལ་ཞིབ་འཇུག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་དུས་རབས་གསར་པར་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་དངོས་སྒྲུབ་ལག་ལེན་ལ་བརྟེན་ནས་རྒྱང་ལམ་གསར་པར་རྒྱུགས་ལན་གསར་པ་འབུལ་དགོས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས་པ། ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ་དང་བློ་རྩ་བརྟན་པོས་དཀའ་སྤྱད་འབད་འཐབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱས་ནས། ནུས་ཤུགས་ཡོད་རྒུས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། དམག་དམངས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་དམག་དཔུང་འཛུགས་སྐྱོང་ལ་རམ་འདེགས་བྱས་ཏེ། གཉིས་བཀུར་མཉམ་སྐྲུན་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་མུ་མཐུད་སྟོབས་ཆེར་གཏོང་བ། ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་པ་གོ་རིམ་ལྡན་པའི་ངང་ཇུས་འགོད་བྱེད་པ། ཆུ་རླུང་འོད་ཀྱི་ཐོན་ཁུངས་གསར་སྤེལ་དང་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ལྷན་སྦྱར་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་བ། ལྗང་མདོག་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། ས་མཐོའི་ཁོར་ཡུག་དང་འཚམ་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ། མང་ཚོགས་དེ་བས་མང་བ་ཐོན་ལས་འཁོར་འབྲེལ་ནང་ཞུགས་པར་སྐུལ་ཁྲིད་བྱས་ནས་འབབ་འཕར་རྒྱུན་མཐུད་དང་བརྟན་པོ་ཡོང་བ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་ཁག་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་གཏིང་ཟབ་བྱེད་པ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། སྤྱི་པའི་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་རྒྱ་ཁྱབ་སྤེལ་བ། གཞི་རིམ་བཅོས་སྐྱོང་གི་མིག་དཔེ་གཏོད་པ་དང་སྐྱེད་སྲིང་བྱེད་པ། དུས་བདེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་དུས་བདེ་སྐྲུན་པའི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་བཏོན་ནས་ལོ་5འཁོར་བའི་མཐོ་རིམ་གྱི་སྐད་ཆ་ཤོད་རེས་ཚོགས་འདུར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ་དང་། ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་དང་སློབ་གཉེར་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སློབ་གྲྭའི་ཚུལ་སྤྱོད་དང་། ཁྲིད་སྲོལ། སློབ་སྲོལ་བཅས་ཡག་པོ་སྐྱོང་སྤེལ་བྱེད་པ། སློབ་གསོའི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། མཐོ་སློབ་ཀྱི་རིགས་དབྱེའི་འཕེལ་རྒྱས་མ་ལག་ཚན་རིག་དང་མཐུན་པའི་ངང་འཛུགས་པ། སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་བཀོད་པའི་ཁྲོད་ཀྱི་བོད་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བ་དེ་ས་གནས་དེ་གའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ཕྱི་ཕྱོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། མཉམ་ལས་ཀྱི་ལས་སྟེགས་ཡག་པོ་གཏོད་པ་བཅས་བྱས་ཏེ། སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་དགོས།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྙན་སེང་ཉན་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་དང་ཞིབ་བསྡུར་བྱས་ཏེ་ཕྱོགས་ཡོངས་ནས་རྩིས་བཤེར་བྱེད་པ་དང་། ཧེ་བག་འཚོལ་བ་དང་། ཞན་ཆ་སེལ་བ། བྱ་ཐབས་སྣོན་པ། འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས། རྣམ་གྲངས་ལ་དམ་འཛིན་དང་མ་འཇོག་རྒྱ་ཆེར་བཏང་ནས་རྣམ་གྲངས་གལ་ཆེན་ཇུས་འགོད་དང་གྲབས་གསོག་ལ་རང་འགུལ་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འཕེལ་བར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་དང་འགན་ལེན་ཡག་པོ་བཅས་བྱས་ཏེ། ལོ་ཧྲིལ་པོར་དངོས་ཟོག་དེ་བས་མང་བ་མཁོ་འདོན་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་། འཛད་སྤྱོད་ལ་དམ་འཛིན་དང་ཁྲོམ་ར་རྒྱ་ཆེར་བཏང་སྟེ་འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ཞིང་འབྲོག་ཁུལ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། འཛད་སྤྱོད་བྱ་ཡུལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱེད་དགོས་པ། ཚོང་འགུགས་ལ་དམ་འཛིན་དང་བྱེད་པོ་སྐྱེད་སྲིང་བྱས་ཏེ་བོད་སྐྱོར་གྱི་ལེགས་ཆ་བཏོན་ནས་ཚོང་འགུགས་མ་འདྲེན་གནད་སྨིན་བྱེད་པ་དང་། ཁྱབ་ཁོངས་དེ་བས་མང་བ་དང་གཞི་ཁྱོན་དེ་བས་ཆེ་བའི་ཐོག་ནས་ཁེ་ལས་དང་མང་ཚོགས་ཀྱིས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པ”མངོན་འགྱུར་བྱེད་པ། ཚོང་གཉེར་ཁོར་ཡུག་བཟང་པོར་བརྟེན་ནས་གཉེར་སྐྱོང་བྱེད་པོའི་ཡིད་ཆེས་འཕེལ་བར་བྱེད་པ། ཁེ་ལས་འཕེལ་རྒྱས་ཀྱི་མ་གནས་དམའ་རུ་གཏོང་བ་དང་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ། རྒྱབ་སྐྱོར་སྲིད་ཇུས་ཁག་ཐད་ཀར་ལོངས་སྤྱོད་ཐུབ་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། ཐོན་ལས་ལ་དམ་འཛིན་དང་སྤུས་འབྲས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐོན་ལས་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པ། དམངས་འཚོར་དམ་འཛིན་དང་བདེ་རྩ་ཆེ་རུ་གཏོང་བ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱིད་གྲོང་གི་ཆུ་རུད་དང་སྦྲ་ཆེན་གྱི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་ཡག་པོ་སྒྲུབ་དགོས་པ། བདེ་འཇགས་ལ་དམ་འཛིན་དང་མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་དང་བདེ་འཇགས་དེ་བས་ལེགས་པའི་ངང་སྤྱི་འདོམས་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ནུས་ལྡན་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་སྔོན་འགོག་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།