དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་སློབ་འབྲིང་བཙུགས་ནས་ལོ་ངོ་70འཁོར་བར་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    ● སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཕྱོཌ་ཡོངས་ནས་ཟབ་ཏུ་བཏང་སྟེ་སློབ་གཉེར་སློབ་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་སློབ་འབྲིང་བཙུགས་ནས་ལོ་ངོ་70འཁོར་བར་མཆན་བཀོད་མཛུབ་སྟོན་གནང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་ཚོར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ལྷ་ས་སློབ་འབྲིང་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བཙུགས་པའི་དེང་རབས་ཀྱི་གཞུང་བཙུགས་སློབ་འབྲིང་དང་པོ་དེ་རེད། ལོ་70ཡི་རིང་། སློབ་གྲྭས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་ལེན་ནན་པོ་བསྟར་ཏེ་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་དང་། གཅིག་རྒྱུན་གཅིག་འཛིན། འབད་འབུངས་ཡར་བརྩོན་བཅས་བྱས་ནས་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་ཞིང་། སློབ་གྲྭས་སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། སློབ་སྲོལ་དང་། དགེ་རྒན་གྱི་སྤྱོད་ཚུལ། སློབ་མའི་སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སློབ་གཉེར་སློབ་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པའི་རེ་བ་ཡོད། རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད་བྱེད་པའི་ཐོག་རྒྱ་ཆེའི་གཞོན་ནུ་སློབ་མའི་འཚར་ལོངས་ལམ་བུའི་སྣེ་ཁྲིད་མཁན་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། སློབ་གྲོགས་ཚོས་ཕུགས་བསམ་ཆེན་པོ་འཛུགས་པ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་ཞུན་བརྡར་བྱས་ནས། ལུས་སེམས་བདེ་ཐང་ཡོང་བ་དང་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་བཏང་སྟེ་ཀུན་སྤྱོད་དང་། ཤེས་རིག ལུསརྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་མི་གསར་ཞིག་ཏུ་འཚར་ལོངས་ཡོང་རྒྱུའི་རེ་བ་ཡོད།

    ཚེས་26ཉིན་གྱི་སྔ་དྲོར། ལྷ་ས་སློབ་འབྲིང་བཙུགས་ནས་ལོ་ངོ་70འཁོར་བའི་སློབ་གཉེར་གྲུབ་འབྲས་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་འབྲེལ་རིག་རྩལ་མཉམ་འཁྲབ་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གི་མཆན་བཀོད་མཛུབ་སྟོན་ནི་ལྷ་ས་སློབ་འབྲིང་གི་ལོ་ངོ་70ཡི་སློབ་གཉེར་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་ཞིག་ཡིན་ལ། སློབ་གྲྭའི་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དཀྲིས་པའི་ཆབ་སྲིད་ཀྱི་མངགས་བཅོལ་ཞིག་དེ་བས་རེད། མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཟབ་སྦྱོང་མཐིལ་རྟོགས་ཀྱིས་ཁ་ཕྱོགས་སྟངས་འཛིན་ཐད་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་བརྟན་པོ་སྲུང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམིགས་ཏེ། སློབ་གཉེར་སློབ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ལས་རིགས་གཙོ་བོར་གཏིང་ཟབ་གཞོལ་ནས་སྤུས་མཐོ་ལེགས་གཏོད་ཐད་ཤུགས་སྣོན་རྒྱུན་མཐུད་རྒྱག་པ་དང་། རྨང་གཞིའི་སློབ་གསོའི་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ། སློབ་གསོ་ཞིབ་འཇུག་དང་སློབ་གསོ་སྒྱུར་བཅོས་ལ་དམ་འཛིན་ཏན་ཏིག་བྱས་ཏེ། མི་སྣ་གསོ་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དཔུང་ཁག་སྟོབས་ཆེར་བཏང་ནས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཐད་སེམས་ནུས་ཡོད་རྒུ་འདོན་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ། རྒྱ་ཆེའི་དགེ་རྒན་ཚོས་བློ་བདེའི་ངང་སློབ་གསོའི་ལས་ལ་གཞོལ་བ་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་གསོ་སྐྱོང་བྱེད་པར་ལྕག་སྐུལ་གཏོང་དགོས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་མཉམ་དུ་དམ་འཛིན་བྱས་ཏེ། ཤེས་ལྡན་པ་གསོ་སྐྱོང་བྱས་ནས་འཇོན་ཐང་ཅན་དུ་འགྱུར་བའི་ཐད་སྙིང་རུས་གཏན་འཁྱོངས་ཀྱིས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་མཐའ་འཁྱོངས་བྱས་ཏེ། སློབ་མར་ཁྱིམ་ཞེན་རྒྱལ་གཅེས་དང་། གངས་ལྗོངས་སུ་གཞི་ཚུགས་པ། ཕུགས་བསམ་ལྡན་པ་བཅས་བྱེད་པར་ཁྲིད་སྟོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཐུབ་པའི་དུས་རབས་ཀྱི་མི་གསར་ཞིག་ཏུ་འཚར་ལོངས་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།