རྩ་སྲ་རྨང་བརྟན་ས་མཐོ་བསྐྱངས། སྤྱོད་བཟང་སྒྲིག་ནན་མཐའ་མཚམས་བསྲུངས།
—— བོད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཡུན་རིང་བདེ་འཁོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བའི་སྐོར་བཀོད་པ།
སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་བཞིན་ཡོད་ཅིང་། གངས་ལྗོངས་ས་མཐོར“ཏང་དོ་དམ་དང་ཏང་བཅོས་སྐྱོང”སྐོར་གྱི་འཕོ་འགྱུར་ཟབ་མོ་བྱུང་ནས་ཡུལ་གྲུ་དེའི་ཆབ་སྲིད་ཁོར་ཡུག་དང་འཕེལ་རྒྱས་གཏོང་སྟངས་བསྐྱར་དུ་གཏོད་བཞིན་ཡོད་པ་རེད།
ད་ལོའི་ཟླ་10པར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སུ་བརྟག་ཞིབ་གནང་སྐབས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོའི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་ཞིང་། དེ་ཡང་ཕྱོགས་རྐྱང་པའི་རྣམ་འགྱུར་ཙམ་མིན་པར་དེ་གོང་གི་ལོ་ལྔའི་རིང“དཔྱིད་གསར་གྱི་ཚོགས་འདུ་དང་པོའི”ནང་བསྟུད་མར“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ”བྱེད་པར་དམིགས་པ་དང་། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་གཅིག་རྗེས་གཉིས་མཐུད་ངང་ཧུར་ཐག་གཞོལ་བ་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གཞི་རིམ་བཅོས་སྐྱོང་དང་། མི་རིགས་མཐུན་སྒྲིལ་གྱི་རྒྱུན་གཏན། མཐའ་མཚམས་ལམ་བུའི་བརྟན་སྲུང་དང་གྲོང་གསེབ་དར་རྒྱས་བཅས་སུ་འདོན་སྐབས་དེ་ལས་བཏོན་པའི་ནུས་ཚད་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ།
སྤྱོད་ཚུལ་ལྷུག་གཏོང་གིས་ལས་བྱེད་པ“རྩིས་ཁྲ”ནས“མང་ཚོགས་ཀྱི་ཁྲོད”དུ་སྐྱོད་ཐུབ་པར་བྱས་པ།
བོད་དུ་ཕྱི་ཚུལ་རིང་ལུགས་ཀྱིས་དེ་སྔ་གཞི་རིམ་ལ་ལས་རྙོག་མང་པོ་བཟོས་ཏེ། ཇི་ཙམ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་ཞབས་ཞུ་བྱེད་ཡུན་རིང་ན།
དེ་ཙམ་གྱིས་ལས་བྱེད་པ་རྣམས་གོང་འབུལ་རེའུ་མིག་དང་ཞིབ་བཤེར་བསུ་བའི་ཁྲོད་དུ་ལུས་བཞིན་ཡོད། མཐའ་མཚམས་ཤང་གྲོང་གི་ལས་བྱེད་པ་ཞིག་གིས“དེ་སྔ་དུས་ཚོད་མང་ཆེ་བ་གོང་འབུལ་རེའུ་མིག་རྒྱོང་བ་དང་ལྟ་སྐུལ་ཞིབ་བཤེར་བསུ་བར་འགོར་གྱི་ཡོད་པས་གྲོང་ཚོར་འགྲོ་བའི་དུས་ཚོད་གཏན་ནས་མེད”ཅེས་པའི་མྱོང་ཚོར་ལ་མཚོན་བྱེད་རང་བཞིན་ཆེན་པོ་ལྡན།
འགྱུར་ལྡོག་ནི་གྲི་དངོ་རང་གཏད་ཀྱི་སྤྱོད་ཚུལ་གྱི་འགྱུར་བ་ནས་འགོ་ཚུགས་ཤིང་། “སྒོ་ཕྱེ་ནས་བསླབ་བྱ་དང་ལེན”དང“གཞི་རིམ་དུ་སླེབས་པ་བཞིའི”ལམ་སྲོལ་ལ་བརྟེན་ནས། 2025ལོར་དམངས་འཚོའི་བྱ་བ་དངོས་6605ལེགས་སྒྲུབ་བྱེད་པར་སྐུལ་འདེད་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་1.6བཏང་བས་མང་ཚོགས་དུད་ཚང་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་ཡོད། གྲངས་ཀའི་རྒྱབ་ནས་གཏན་ཚིགས་མངོན་པ་སྟེ། ཁུར་པོ་ཡང་དུ་གཏོང་བ་དམིགས་ཡུལ་མིན་པར་དེ་བས་མང་ཚོགས་ལ་སེམས་ཤུགས་ལྡན་པར་བྱེད་རྒྱུ་དེ་རེད། “སྒྲིག་སྲོལ་ལམ་ལུགས་འཛུགས་པར”ཤུགས་སྣོན་བརྒྱབ་སྟེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལམ་ལུགས་ཁག་1744བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཡིག་ཆ་དང་ཚོགས་འདུ་དང་དེ་བཞིན་ལྟ་བཤེར་དཔྱད་ཞིབ་ཀྱི་གྲངས་འབོར་ཆེས་ཆེར་ཉུང་དུ་བཏང་བས། ལས་བྱེད་པ“གཤམ་སྐྱོད”བྱེད་པ་འབོད་ཚིག་ཙམ་མིན་པར་ཚད་འབེབས་དང་ཕུགས་འདེད་ཐུབ་པའི་ལས་ཀའི་རྒྱུན་རྣམ་དུ་གྱུར་ཡོད།
ཆ་སྙོམས་ས་བབ་སྨི་5373ཡོད་པའི་ཕུ་མ་བྱང་ཐང་གི་མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཙམ་ལས་མེད་པ་དང་། ལོ་འཁོར་མོར་ལྷགས་རླུང་ལྡང་བ་དང་གྲང་ངར་ཆེ་བས་གོམ་པ་ཁ་ཤས་སོང་ཚེ་དབུགས་ཧལ་གྱི་ཡོད། ཤང་དེ་ཡོངས་ཀྱི་གྲོང་གསེབ་ལས་བྱེད་པ་དང་གྲོང་སྡོད་ལས་བྱེད་པ་90ལྷག་ཙམ་གྱིས“འཚོ་གནས་དཀའ་ཁུལ”དེ་ལྟ་བུར་མཐའ་སྲུང་མང་ཚོགས་1093ལ་ཞབས་འདེགས་ཞུ་བཞིན་ཡོད། ཏང་ཡོན་ལས་བྱེད་པས་ལོ་རེར་ལམ་ཐག་སྤྱི་ལེ་ཁྲི་1ཙམ་དུ་བསྐྱོད་དེ་གྲོང་ཚོ་འགན་ལེན་མཉམ་འབྲེལ་དང་མཐའ་སྐོར་མཐའ་སྲུང་བྱས་ཏེ་འབྲོག་པའི་དུད་ཚང་ཚང་མར་དྲོ་སྐྱིད་སྐྱེལ་བཞིན་ཡོད།
རྩ་འཛུགས་ཀྱི་རྩ་བ་བརྟན་པོ་བཙུགས་ནས་མཐའ་མཚམས་སུ་མཁར་རྫོང་བསྐྲུན་པ།
བོད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱི་བརྗོད་གཞི་ཞིག་འཕྲད་པ་སྟེ། ཇི་ལྟར་བྱས་ནས་ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་དེ་འབྲོག་ཁྱིམ་རེ་རེ་དང་སོ་ལྟ་ཁང་རེ་རེར་ཁྱབ་པར་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་སར་སྲིད་སྐྱོང་གི་རྨང་གཞི་བརྟན་པོ་འཛུགས་རྒྱུ་དེ་རེད།
སྒར་རྫོང་གི་ལག་ལེན་ལས་འགྲེལ་ཐབས་ཤིག་མཁོ་འདོན་བྱས་ཤིང་། མངའ་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་དེས“ཕྱོགས་གཉིས་སུ་སྐྱོད་པ་དང་ཕན་ཚུན་ལས་འགན་འཁུར་རེས”ཁྱབ་གདལ་བཏང་བ་དང་། མཐའ་མཚམས་གྲོང་ཚོ་5དང་བཅའ་སྡོད་དཔུང་སྡེས“རྩ་འཛུགས་མཉམ་སྐྲུན་དང་། ཏང་གི་སློབ་ཚན་མཉམ་འཁྲིད། མཐའ་སྐོར་མཉམ་སྐྱོད། དམངས་འཚོ་མཉམ་རོགས”བཅས་མངོན་འགྱུར་བྱས་ནས། མཐའ་མཚམས་ཀྱི་འཐབ་ས་དང་པོར་མཐའ་སྲུང་ལས་གནས་600བཙུགས་ཡོད། དེ་བས་འགག་རྩ་ནི་ཏང་རྩ་འཛུགས་དེ་ཉིད་བེད་མེད་དུ་ལུས་པ་ཞིག་མིན་པར། དེས་ཏང་རྩ་འཛུགས་དང་། མཉམ་ལས་ཁང་། ཞིང་འབྲོག་པ་བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་དཔལ་འབྱོར་འཚོ་བའི་ནང་ཞུགས་པ་མ་ཟད། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ལག་ཤེས་འཁལ་འཐག་དང་། རྩམ་པ་ལས་སྣོན། ལས་གྲྭའི་འཕྲུལ་ཆས་བོགས་མར་གཏོང་ལེན་སོགས་ཆེད་ལས་མཉམ་ལས་ཁང་6གཉེར་ནས་མཐའ་མཚམས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང་1100ལྷག་ཙམ་མ་རྐང་ནང་ཞུགས་སུ་བཅུག་ཏེ་ཁེ་སྤོགས་བགོ་འགྲེམས་རྒྱག་པར་སྐུལ་ཁྲིད་བྱས་ཡོད། སོག་སྟོད་གྲོང་ཚོའི་འབྲི་གཡག་ཁམ་པ་མཉམ་ལས་ཁང་གིས་གསེག་མ་ལས་སྣོན་དང་ཚོང་ལས་ཐོག་ཁང་བོགས་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད། 2025ལོར་ཡོང་འབབ་སྒོར་ཁྲི་446རག་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད།
མཐའ་མཚམས་ལམ་བུར“མཉམ་ལྔ་བརྟན་ལྔའི”དམག་དཔུང་དང་ས་གནས་ཀྱིས་མཉམ་སྐྲུན་བྱས་པའི་སྤུས་རྟགས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། དམག་དོན་ལོ་རྒྱུས་ཁང་དང་གསར་བརྗེའི་སློབ་གསོ་རྟེན་གཞི་ནི་གསོན་ཉམས་དོད་ཤོས་ཀྱི“བསམ་བློ་ཆབ་སྲིད་ཀྱི་སློབ་ཁང”དུ་གྱུར་པ་དང“རྟ་ཐོག་ནས་སློབ་གྲྭར་སྐྱེལ་བའི”ཐོག་ནས་ཏང་གི་གསུང་སྒྲ་ཐག་རིང་འབྲོག་རར་ཁྱབ་པར་བྱས་ཡོད། དམག་དམངས་གིས་མཉམ་དུ་མཐའ་མཚམས་སྐོར་ཞིབ་དང་ལས་འགན་གཅིག་ལྕོགས་ཁུར་ཏེ་མཐའ་སྲུང་དང་། ཐོན་སྐྱེད། འཚོ་བ་བཅས་མཉམ་འདྲེས་གཏིང་ཟབ་བྱུང་བས། མཐའ་མཚམས་རྫོང་21ཏུ་སྲ་ཞིང་བརྟན་པའི“གསར་བརྗེའི་སྲུང་བཅད”ཅིག་བརྗིད་ཅིང་ཆགས་པར་གནས་ཡོད།
སྒྲིག་ཁྲིམས་ཀྱི་གཞོགས་འདེགས་ལས་དར་རྒྱས་ཀྱི་གྲུབ་འབྲས་མང་ཚོགས་ལ་ཐོབ་པ།
གྲོང་གསེབ་དར་རྒྱས་གཏོང་བར་གཞོལ་བའི་འབད་བརྩོན་རེ་རེ་ནི། སྒྲིག་ཁྲིམས་ལ་ཚོད་བགམ་བྱས་པ་ཞིག་རེད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་གཅིག་སྡུད་བཅོས་སྒྲིག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། 2017ལོ་ནས་བཟུང་ལག་བསྟར་བྱས་པའི་རྣམ་གྲངས་ལ“ལེབ་བཤེར་རྣམ་པའི”ཆེད་དོན་ལྟ་སྐུལ་བྱས་ཤིང་། དེ་དག་རྣམ་གྲངས་འཛུགས་པར་ཞིབ་མཆན་དང་། འོས་སྐུལ་འོས་དཔོད། ཨར་སྐྲུན་རྩིས་ལེན། མ་དངུལ་གཏོང་སྤྲོད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་ཡོད། མལ་གྲོ་གུང་དཀར་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཉར་འཇོག་གྱོད་གཞི་ཐོག་མ་དེར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། རྫོང་དེའི་ཞིང་ལས་གྲོང་གསེབ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པས་རྣམ་གྲངས་ཁྲོད་ནས་ཨར་སྐྲུན་ཕྱོགས་ལ་མ་དངུལ་གཡོ་ལེན་དང་ཐོབ་ཆ་ལེན་རོགས་བྱས་པས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། 2026ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ཁྱབ་ཁོངས་དེའི་གནད་དོན་གྱི་ཁུངས་སྣེ་16ཐག་གཅོད་བྱས་པ་དང་མི་2ཉར་འཇོག་བྱས་པ་རེད།
དེ་བས་སྤྱི་ཁོག་གི་ངོས་ནས་བརྗོད་ན། སྤྱོད་ཚུལ་གྱི་འགྱུར་ལྡོག་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་འགྱུར་བཞིན་ཡོད། 2025ལོར། བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23184ཟིན་ནས་7.4%འཕར་བ་དང་། འབྲུ་རིགས་ཐོན་འབོར་ཏུན་ཁྲི་115ཟིན་པ། ནས་ཐོན་འབོར་ཏུན་ཁྲི་90ལས་ཐོག་མར་བརྒལ་ནས་ཏུན་ཁྲི་90.53ཟིན་ཡོད། གྲངས་ཀ་དེ་དག་གི་རྨང་གཞི་ནི་ལས་བྱེད་པ་ཁག་གཅིག་གི་ལག་རྩལ་དང་། སྲིད་ཇུས། གནད་དོན་ཐག་གཅོད་ཀྱི་ལྷག་བསམ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད།
སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་བཞིན་ཡོད་པས་འཆར་གཞི་གསར་པ་འགོད་བཞིན་ཡོད། གངས་ལྗོངས་ས་མཐོར་ལོ་ལྔའི་དུས་ཚོད་སྤྱད་དེ་དོན་དག་གཅིག་ར་སྤྲོད་བྱས་པ་སྟེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་སྟོབས་ཤུགས་ཐོག་ནས་ཡུན་རིང་བདེ་འགོད་ཀྱི་ཡུན་ཚད་གཏན་འཁེལ་བྱེད་པ་དང་ལས་བྱེད་པའི་རྐང་འོག་གི་འདམ་རྫབ་ཀྱིས་དམངས་སེམས་ཕྱོགས་ས་འཇལ་བཞིན་ཡོད། “དམིགས་བསལ་རང་བཞིན་མེད་པ”དེ་ཐུན་མོང་གི་ངོས་འཛིན་དུ་གྱུར་པ་དང“ལས་ཀ་བྱས་ཚེ་འབྱུང་འགྱུར་ཡོད་པ”དེས“ཉལ་ནའང་ལེགས་སྐྱེས་ཡིན་པའི”ཚབ་བྱས་ཚེ། ས་མཐོའི་སྤྱོད་ཚུལ་ཚང་མ་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་དངོས་རྗེན་རྗེན་གྱི་ཕན་བདེར་གྱུར་ཐུབ།
འབྲེལ་ཡོད་གསར་འགྱུར།