ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།
དུད་ཚང་རེ་རེ་བཞིན་གྲལ་བཤེར་ཐེངས་གསུམ་བྱས་པ་བརྒྱུད་མིག་སྔའི་བར་འབྲེལ་བ་ཆད་པའི་མི་གཅིག་ཀྱང་ཤེས་རྟོགས་བྱུང་མེད་པ།
ཚེས་23ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་10ཚེས་23ཉིན་གྱི་ཆུ་ཚོད་13བར། མི་16རྐྱེན་ལམ་དུ་ཤོར་བ་དང་། མི་76ལ་རྨས་སྐྱོན་ཕོག་པ། ཁང་པ་བརྡིབས་པ་དང་གནོད་འཚེ་ཕོག་པའི་དུད་ཚང་339ཟིན་པ། ལྷས་ར་20ལ་གཏོར་སྐྱོན་ཕོག་ཡོད། མིག་སྔར་ས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། བཀོད་སྒྲིག་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། དུད་ཚང་རེ་རེ་བཞིན་གྲལ་བཤེར་ཐེངས་གསུམ་བྱས་པ་བརྒྱུད་འབྲེལ་བ་ཆད་པའི་མི་གཅིག་ཀྱང་ཤེས་རྟོགས་བྱུང་མེད་པ་རེད།
བཀོད་འདོམས་མ་ལག་གིས་ནུས་ཆེ་འཁོར་སྐྱོད་ཐུབ་ཅིང་། འཐབ་ས་མདུན་མའི་འཕྲལ་སྡོམ་བཀོད་འདོམས་པུའུ་བསྐྲུན་ནས་འཁོར་སྐྱོད་བྱེད་འགོ་ཚུགས་ཏེ་གཅིག་གྱུར་བཀོད་གཏོང་དང་། ཡུག་དབྱེ་འགན་འཁུར། དུས་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱེད་བཞིན་ཡོད། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱིས་ལས་རིགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཁྱོན་མི་5000ལྷག་ཙམ་བཏང་ནས་འཚོལ་སྐྱོབ་དང་། སྨན་བཅོས། བཀོད་སྒྲིག མཁོ་སྤྲོད་འགན་ལེན། ཉེན་སེལ་སོགས་ཀྱི་ལས་འགན་གཞིར་བཟུང་། ཚོགས་ཆུང་བགོས་ནས་ལས་དོན་སྒྲུབ་བཞིན་ཡོད་པ་དང་། གློག་ཤུགས་དང་འཕྲིན་གཏོང་འགན་སྲུང་རུ་ཁག་དུས་གཅིག་ཏུ་གནོད་འཚེ་ཕོག་ཁུལ་དུ་འབྱོར་བ་དང་། གཙོ་གནད་ཤང་གྲོང་དང་གཙོ་གནད་གནོད་འཚེ་ཕོག་ཁུལ་ཚང་མར་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱས་ཡོད་པ་རེད།
དུད་ཚང་རེ་རེ་བཞིན་འཚོལ་སྐྱོབ་ལེབ་བཤེར་བྱས་ཤིང་། “དུད་ཚང་གཅིག་ཀྱང་མ་ལུས་པ་དང་། མི་གཅིག་ཀྱང་མ་ལུས་པ། ཁུག་ཆ་གཅིག་ཀྱང་མ་ལུས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། དམར་རུ་ཤང་དང་གངས་ཆེན་ཤང་གཙོ་གནད་དུ་བྱས་ཏེ་ཉེ་འཁོར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་གཅིག་ཀྱང་མ་ལུས་པར་ལེབ་བཤེར་བྱས་ཡོད། ཁང་པ་བརྡིབས་པ་དང་ཉེན་གྱར་དོགས་པ་ཡོད་གནས་སུ་ཆེད་ལས་རོགས་སྐྱོབ་རུ་ཁག་གིས་གསོན་པོ་འཚོལ་ཆས་དང་བཤིག་འཛུལ་སྒྲིག་ཆས་ཁྱེར་ཏེ་ཚན་རིག་དང་མཐུན་པའི་སྐྱོབ་རོགས་བྱས་པ་དང་། ཐག་རིང་ལུང་ཁུག་གི་ཁ་ཐོར་དུ་གནས་པའི་འབྲོག་དུད་ཚང་མར་མི་སྣ་སྒྲིག་འཛུགས་བྱས་ཏེ་འཚོལ་སྐྱོབ་ལས་དོན་སྤེལ་ཡོད་པ་རེད།
གོ་རིམ་ལྡན་པའི་ངང་གནས་སྤོ་བཀོད་སྒྲིག་བྱས་ཤིང་། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་བཞིའི་གེགས་སེལ་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་སྟེ། མིག་སྔར་སྟབས་བདེའི་ཁང་པ་2000དང་། གུར་3408 ཉལ་ཁྲི་2821 ཕོ་ཁེབས་4280 སྲིང་བལ་གྱི་གྱོན་གོས་3300 དམག་མིའི་ཏ་དབྱི་3820 ཕྱུ་པ་694 ལྕགས་ཐབ་300 གློག་གཏོང་འཕྲུལ་འཁོར་4 གློག་བཞུ་1000 མགོ་འདོགས་གློག་བཞུ་1000བཅས་འབྱོར་ཡོད། གནོད་འཚེ་ཚབས་ཆེན་ཕོག་ཁུལ་དམར་རུ་ཤང་གི་གྲོང་ཚོ་2པ་སོགས་སུ་བཀོད་སྒྲིག་བྱ་ཡུལ་18བསྐྲུན་ཟིན་པ་དང་། དེ་བྱིངས་བཀོད་སྒྲིག་བྱ་ཡུལ་སྐྲུན་བཞིན་ཡོད་ལ། མང་ཚོགས་12489བདེ་འཇགས་ཁུལ་དུ་སྤོས་ཤིང་། བཀོད་སྒྲིག་བྱ་ཡུལ་དུ་ཟ་མ་དང་གྱོན་ཆས་འདང་ངེས་ཡོད་ལ། འཐུང་ཆུ་དང་། དྲོ་སོབ་སོབ་ཀྱི་སྡོད་ས། སྨན་བཅོས་འགན་སྲུང་བཅས་ཡོད་པ་རེད།
དུས་ཐོག་དང་གནད་ལ་འཁེལ་པོས་རྨས་མ་སྐྱོབ་བཅོས་བྱས་ཤིང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་འཕྲལ་སྡོམ་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ། ནད་ཐོག་སྨན་བཅོས་དང་། འཕྲལ་བཅོས། རུས་ནད་ཚན་ཁག སྤྱིར་བཏང་ཕྱི་ནད་ཚན་ཁག བྲང་ཁོག་ཕྱི་ནད་ཚན་ཁག བརྙན་པར། ཞིབ་དཔྱད། སྔོན་འགོག་གསོ་རིག་སོགས་ཀྱི་སྨན་བཅོས་རོགས་སྐྱོབ་མི་སྣ་139སྐོང་འཐེན་བྱས་པ་དང་། མྱུར་སྐྱོབ་རླངས་འཁོར་40དང་སྒུལ་བདེའི་CTརླངས་འཁོར་1བཏང་བ། འཕྲལ་སྡོམ་སྨན་བཅོས་སྨན་རྫས་རིགས་354ཡི་སྨན་ཐུམ་5283དང་། མྱུར་སྐྱོབ་སྒྲིག་ཆས་དང་ཟད་གྲོན་རྒྱུ་ཆ་རིགས་87གྱི་གྲངས་འབོར་9352 ནད་ཡམས་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་རིགས་10ཡི་གྲངས་འབོར་732བཅས་བཀོད་སྒྲིག་བྱས་ཡོད། རིམ་ཁག་སྨན་བཅོས་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་བ་དང་ཐོགས་མེད་སྐྱོབ་བཅོས་བགྲོད་ལམ་བཏོད་དེ། རྨས་སྐྱོན་ཕོག་པའི་མི་སྣར“མི་རེར་ཇུས་གཞི་རེའི”གནད་སྨིན་སྐྱོབ་བཅོས་བྱས་ཡོད། དེ་དང་ཆབས་ཅིག་ཁོར་ཡུག་དུག་སེལ་དང་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་གེགས་རྗེས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱས་ཤིང་། རི་བོ་དང་། ཆུ་མཛོད། གློག་ཁང་། ཆུ་ལམ། ཉེན་ཡོད་སྡོད་ཁང་རྙིང་པ། འཕྲིན་གཏོང་སྦྲེལ་ཚིགས་སོགས་གཙོ་གནད་ཁུལ་ལ་ཆུ་ཚོད་24ཡི་རིང་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་དང་ཛ་དྲག་ཉམས་གསོ་བྱེད་འགོ་ཚུཌ་པ་དང་། ཡོམ་ཁུལ་གྱི་འཕྲིན་གཏོང་དང་གློག་ཤུཌ་རིམ་བཞིན་སླར་གསོ་ཐུབ་ཡོད། ས་ཡོམ་དང་། གནམ་གཤིས། འཕྲལ་སྡོམ་སོགས་སྡེ་ཚན་གྱིས་གྲོས་མོལ་ཡང་སྐོར་བསྐྱར་སྐོར་བྱས་ནས་དུས་ཐོག་ཏུ་ཡོམ་འཕྲོ་དང་གནམ་གཤིས་ཀྱི་སྔོན་བརྡ་བཏང་ཡོད། སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཚན་གྱིས་རོགས་སྐྱོབ་ཀྱི“ཚེ་སྲོག་བགྲོད་ལམ”ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ། སྤྱི་ལེ་1700ཙམ་ཟིན་པའི་གཞུང་ལམ་12དང་། ཟམ་པ་201 ཟམ་སྦུག་324བཅས་ལ་གྲལ་བཤེར་བྱས་པར་མངོན་མེད་རྐྱེན་ངན་ཁག་11ཚོད་འཛིན་བྱས་པ། འབབ་རྡོ་ཟགས་པའི་ལམ་དུམ་ཁག་7བཤངས་ཡོད་པ་རེད།
ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། ཡོམ་ཁུལ་གྱི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་32.40དང་ཤར་གྱི་གཞུང་ཐིག་ཏུའུ་93.79རུ་གནས་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཟིན་ཡོད། ད་ཐེངས་ཀྱི་ས་ཡོམ་རིམ་པ་མཐོ་བ་དང་ཡོམ་ཁུངས་གཏིང་ཐུང་བས། སྦྲ་ཆེན་རྫོང་དམར་རུ་ཤང་དང་གངས་ཆེན་ཤང་སོགས་ཡོམ་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་ཡོམ་ཚོར་ཆེན་པོ་བྱུང་ཞིང་། ཁང་པ་ཁག་གཅིག་བརྡིབས་པ་དང་། གློག་ཤུགས་འཕྲིན་གཏོང་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པ། མི་སྣ་ཤི་རྨས་བྱུང་ཡོད། ཡོམ་ཁུལ་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་མཐོ་གྲང་གསོ་རླུང་དཀོན་པས། རོགས་སྐྱོབ་ཐད་འགྲིམ་འགྲུལ་ཐག་རིང་བ་དང་། འཕྲིན་གཏོང་བརྡ་རྟགས་ཞན་པ། དྲོད་སྲུང་བྱེད་དགོས་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་པ་མ་ཟད། མིག་སྔར་ཡོམ་འཕྲོའི་ཉེན་ཁ་དང་ཞོར་ཐོན་གནོད་འཚེ་སྔར་བཞིན་ཐོན་མང་བས། འབྲེལ་ཡོད་གནོད་འཚེ་ཕོག་པའི་གནས་ཚུལ་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།