དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-24

     ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་སྐྱེ་ཁམས་སྲུང་སྐྱོང་དང་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆུའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ནས“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་སྣེ་གདོང་ཆུས་ཡར་སྟོད་ཤང་གི་ཆུ་ལག་རྒྱུག་ཁུལ་དུ་ཕེབས་ནས་ས་ཡུལ་དངོས་སུ་གཙང་པོའི་ཆུ་སྤུས་དང་ཆུའི་སྐྱེ་ཁམས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཡིན་པའི་བོད་ཀྱི་འཐབ་ཇུས་ངེས་གནས་སྟངས་འཛིན་གཏིང་ཟབ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་མཁས། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་གི་དམག་འཐབ་ཡག་པོ་རྒྱག་པ། སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་ནམ་མཁའ་སྔོ་ཞིང་དྭངས་བ་དང་། རི་བོ་སྔོ་ལྗང་གིས་བརྒྱན་པ། ཆུ་བོ་དྭངས་ཤིང་གཙང་བ་བཅས་ཡོང་བར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ཕན་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམིགས་ཚད་ལས་འགན་གཏན་འཁེལ་བྱེད་པ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཚན་ཞིབ་ཁང་དང་སུའོ་དང་མཉམ་འབྲེལ་ཐོག་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དཀའ་གནད་གང་མགྱོགས་སེལ་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཚོད་ལྟའི་ལས་དོན་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེན་པོས་ཇུས་འགོད་ལག་བསྟར་བྱེད་པ། བཀོལ་སྤྱོད་བྱེད་རྣམ་རྒྱ་ཆེར་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཚན་ཞིབ་ཀྱི་གྲུབ་འབྲས་དེ་བས་མང་བ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་དངོས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་རྩ་ནས་བཅོས་སྒྲིག་དང་། བརྒྱུད་རིམ་ལྡན་པའི་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག་བཅས་མཐའ་འཁྱོངས་བྱེད་པ་དང་། རྣམ་གྲངས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། རྒྱབ་སྐྱོར་དང་བརྩོན་ལེན་ཧུར་ཐག་བྱེད་པ། འགན་འཁྲིའི་འཁོར་འབྲེལ་བརྟན་དུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་བོད་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཡོད་ཚད་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།