ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།
དམིགས་ཚད་གཏན་འཁེལ་དང་། ཐབས་ལམ་གནད་འཁེལ་འཚོལ་བ། ལུས་པོ་ཚུགས་ནས་དངོས་སྒྲུབ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཀུང་ཧུའེ་ཚའེ་ཞུགས་པ།
ཟླ་10ཚེས་21ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞིང་ཆེན་གཉིས་དང་ཁེ་ལས་ལྔའི་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་བོད་སྐྱོར་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། དམིགས་ཚད་གཏན་འཁེལ་དང་ཐབས་ལམ་གནད་འཁེལ་བཅས་བྱས་ནས། ལུས་པོ་ཚུགས་ནས་དངོས་སྒྲུབ་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། སྐྱེ་ཁམས་ལེགས་གཏོང་། བདེ་འཇགས་སྲུང་སྐྱོང་། ཏང་འཛུགས་སྟོབས་ཆེན་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་གྱི་ལས་དོན་ཁག་དང་ཞིང་ཆེན་གཉིས་དང་ཁེ་ལས་ལྔའི་བོད་སྐྱོར་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚང་མ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། བོད་སྐྱོར་ཞིང་ཆེན་གྱི་ཀྲུང་དབྱང་ཁེ་ལས། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་བཅས་ཀྱིས་དཀའ་སྤྱད་ལས་སྒྲུབ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ་གི་ཡིན་ཞེས་གསུངས་པ་རེད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ནག་ཆུ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཏང་ཡོན་ལས་བྱེད་པར་དད་སེམས་ཀྱི་རྨང་གཞི་བརྟན་གཏོང་དང་། སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན། བསམ་བློའི་ཁ་ཕྱོགས་བརྟན་བཟུང་བཅས་བྱས་ནས། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ཏེ“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས།
སྤྱི་ཚོགས་བརྟན་ལྷིང་ཡོང་བར་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱེད་པ། མཐའ་ཚད་ཀྱི་བསམ་བློ་བརྟན་དུ་གཏོང་བ། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ། སྔོན་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། ཁ་ཞེ་གཉིས་མེད་བཅས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཏང་གི་དྲིན་ཚོར་སློབ་གསོ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་གཏིང་ཟབ་སྤེལ་བ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་བ། ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས།
ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་ངང་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ། གཙོ་གནད་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དོན་དངོས་དང་ཟུང་འབྲེལ་གྱིས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ཐོན་ཁུངས་ལས་སྣོན་ལས་རིགས་བཅས་འཕེལ་རྒྱས་ཡག་པོ་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་གཏོད་པ། ཚོང་འགུགས་མ་འདྲེན་གནད་སྨིན་བྱེད་པ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས།
སེམས་ནུས་ཡོད་རྒུས་དམངས་ལ་ཕན་འདོགས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། ཏང་གི་སྲིད་ཇུས་བཟང་པོ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སེམས་ནུས་ཡོད་རྒུས་ལས་ཞུགས་དང་། སློབ་གསོ། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་སོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། “རི་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། ས་གཤིས་གནོད་འཚེ་ཐོན་ཡུལ་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ནས། མང་ཚོགས་ཚོར་སྐྱེ་ཁམས་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱེད་དགོས།
རྩ་སྲ་རྨང་བརྟན་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བྱེད་པ། ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་ཀྱི་ལས་དོན་ལེགས་སུ་གཏོང་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་མཁར་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྱོང་བྱེད་དགོས་པ་དང་། ཡང་དག་པའི་མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ་དང་། དཔྱད་ཞིབ་གདེང་འཇོག་མ་ལག་ལེགས་སུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། ལམ་ལུགས་ཀྱིས་དབང་ཆ་བཅོས་སྒྲིག་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པར་ཤུགས་སྣོན་རྒྱག་པ། རང་འགུལ་ངང་སྤྱོད་གཙང་འཛུགས་གཏོད་བཅས་བྱས་ཏེ“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
ཚོགས་འདུ་མ་འཚོག་གོང་། ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་འཐུས་མི་དང་ཡུན་རིང་ས་བབ་མཐོ་ཁུལ་དུ་ལས་ཀ་བྱེད་མཁན་གཞི་རིམ་ལས་བྱེད་པའི་འཐུས་མིར་འཚམས་འདྲི་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ལས་བྱེད་ལས་བཟོ་དང་ལྷག་པར་དུ་ས་བབ་ཤིན་ཏུ་མཐོ་ཁུལ་གྱི་ལས་བྱེད་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱོད་པ། འཁོར་ཞག་ལུས་གསོ་དང་ས་བབ་མཐོ་དམའི་ལས་བྱེད་པའི་སྤེལ་རེས་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། སྨན་བཅོས་དང་སློབ་ཞུགས་སོགས་ཀྱི་ལས་དོན་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་ཐག་གཅོད་ནན་ཏན་བྱེད་པ། གསོ་རླུང་དང་དྲོད་རླངས་མཁོ་འདོན་དང་ས་མཐོའི་ནད་འགོག་བཅོས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་རྒྱ་ཆེའི་ལས་བྱེད་ལས་བཟོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།