དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧུའུ་ཁྲང་ཧྲེང་གིས་ཡོམ་འགོག་གེགས་སེལ་ལ་བཀོད་འདོམས་འདི་འདྲ་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-10-23

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་རེད། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས“མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་དང་བླང་བྱ་བཏོན་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་མཚན་མོ་དེ་རང་ལ་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་ནས། ས་ཡུལ་དངོས་སུ་ཡོམ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་ཀྱིས་སྐུལ་སློང་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་སྐུལ་སློང་། བེད་སྤྱོད་བྱེད་ཆོག་པའི་ཐོན་ཁུངས་མཐའ་དག་བེད་སྤྱོད། དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ། ས་ཡོམ་ལས་བྱུང་བའི་གྱོང་གུན་གང་ཐུབ་ཆུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་གང་ཐུབ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཧུའུ་ཁྲང་ཧྲེང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འབྲེལ་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་གནང་བ།

    ཧུའུ་ཁྲང་ཧྲེང་གིས་ས་ཡོམ་གྱི་གནས་ཚུལ་ལ་བརྡར་གཅོད་གནང་བ་དང་ས་གནས་ས་ཐོག་ཏུ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ།

    ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་དགོས་ཤིང་། འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་སྐོང་བསྡུ། རོགས་སྐྱོབ་དུས་སྐབས་ཡག་ཤོས་དམ་འཛིན། སྐད་ཅིག་ཙམ་ཡང་མཚམས་མི་འཇོག་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བཅས་བྱས་ཏེ་ཉེན་གྱར་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་ངང་རྨས་མ་སྐྱོབ་བཅོས་བྱེད་དགོས་ཤིང་། ཆེད་ལས་ཀྱི་སྐྱོབ་བཅོས་སྟོབས་ཤུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་། “མི་རེར་ཇུས་གཞི་རེའི”ལམ་ལུགས་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་བཟོ་བ། རྨས་སྐྱོན་ཚབས་ཆེ་ཆུང་དབྱེ་ནས་སྨན་བཅོས་སྐྱོབ་བཅོས་བཅས་བྱས་ཏེ་མི་སྣ་འཆི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་དགོས་ཤིང་། བཟའ་བཅའ་དང་། སྨན་རྫས། གུར། གྱོན་གོས། ཉལ་ཆས། ལྕགས་ཐབ། འཐུང་ཆུ་སོགས་འཚོ་བའི་མཁོ་ཆས་མགྱོགས་མྱུར་དབོར་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་བཟའ་བཅའ་དང་། ཆུ་གཙང་མ། དྲོད་སྲུང་གྱོན་ཆས། སྨན་བཅོས་ཞབས་ཞུ། གནས་སྐབས་ཀྱི་སྡོད་གནས་བཅས་ཡོད་པ་དང་ལས་བྱེད་པ་དང་འབྲེལ་བ་ཐུབ་པ་བྱེད་དགོས། གཏོར་སྐྱོན་ཕོག་པའི་གློག་ཤུགས་དང་། འཕྲིན་གཏོང་། འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་མྱུར་བཟོ་བྱེད་དགོས་ཤིང་། གེགས་ཁུལ་དུ་རོགས་སྐྱོབ་བྱེད་མཁན་རླངས་འཁོར་དང་མི་སྣའི་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོབ་ཀྱི“སྲོག་རྩ”ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཞོར་ཐོན་གནོད་འཚེ་ཐོན་པར་འགོག་ཟོན་ནན་པོ་བྱེད་དགོས་ཤིང་། ཡོམ་འཕྲོའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡར་ཤུགས་སྣོན་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་པ། འཕྲལ་ཐག་ཆོད་པོས་ཉེན་ཁ་འཕྲད་པའི་མང་ཚོགས་གནས་སྤོ་བ། འཕྲོད་བསྟེན་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ། འཚོལ་སྐྱོབ་མི་སྣ་རང་ངོས་ཀྱི་བདེ་འཇགས་ལ་མཐོང་ཆེན་བཅས་བྱས་ཏེ་མི་སྣ་ཤི་རྨས་དང་གྱོང་གུན་ཕོག་པའི་གནས་ཚུལ་སླར་ཡང་མི་ཐོན་པ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྟོབས་ཤུགས་འདོན་དགོས་ཤིང་། བདེ་འཇགས་སྐོར་གཡེང་ལ་ཤུགས་སྣོན་དང་། བདེ་འཇགས་དོགས་ཟོན་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་གཏོང་བ་དང་སེམས་ཁམས་སློབ་གསོར་ཤུགས་སྣོན། དུས་ཐོག་ཏུ་དབང་གྲགས་ལྡན་པའི་ཆ་འཕྲིན་ཁྱབ་བསྒྲགས། གེགས་ཁུལ་གྱི་སྒྲིག་ལམ་ཁག་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་གེགས་ཁུལ་གྱི་མི་སེམས་བདེ་འགོད་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། གནོད་འཚེའི་གནས་ཚུལ་ལ་ཞིབ་བསྡུར་གཏིང་ཟབ་བྱེད་དགོས་ཤིང་། འཕྲལ་དུ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཁང་པ་ཡོངས་ལ་གྲལ་བཤེར་གསལ་འབྱེད་དང་། དངོས་ཡོད་གནས་ཚུལ་གང་མགྱོགས་མཐིལ་རྟོགས། སྟབས་བདེའི་ཁང་པ་གང་མགྱོགས་དབོར་བ་བཅས་བྱས་ནས་བར་བརྒལ་བཀོད་སྒྲིག་གི་གྲ་སྒྲིག་ཡག་པོ་བྱེད་དགོས། དབུལ་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་རྒྱུན་ཆད་མེད་པར་བྱེད་པ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་གནོད་འཚེས་རྐྱེན་པས་དབུལ་ལོག་དབུལ་འགྱུར་མང་པོ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།