རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་པ།
ཧོ་ལུའུ་ཁྲུན་གྱིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2026ལོའི་ཚོགས་འདུ་ཐེངས་14པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། དམངས་གཙོའི་ལྟ་སྐུལ་དང་། བརྟག་ཞིབ། གྲོས་མོལ་བཅས་བྱས་ཚུལ་གྱི་སྙན་སེང་གསན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཧོ་ལུའུ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ངག་དབང་དང་། སྒྲོལ་དཀར། ལང་ཧྥུའུ་ཁོན། ཝང་ཀང་། ཟླ་བ་དངོས་གྲུབ་བཅས་ཚོགས་འདུར་ཞུགས་པ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟུར་ཞུགས་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་འདུས་སྐབས་140པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཧོ་ལུའུ་ཁྲུན་གྱིས། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་སྲིད་གྲོས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས།
དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ལག་བསྟར་བྱེད་པ་དང་། བདེ་ཐང་སྔོན་ལ་འཇོག་པའི་སྟོན་ཕྱོགས་བརྟན་པོར་འཛུགས་པ། བོད་ཀྱི་དོན་དངོས་གནས་ཚུལ་དང་དགོས་མཁོ་དངོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་། ནད་ཡམས་སྔོན་འགོག རྨང་གཞིའི་ཞིབ་འཇུག ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། གྲོས་མོལ་གཏིང་ཟབ་དང་གཅིག་སྡུད་སྲིད་གླེང་བྱེད་པ། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། མཉམ་དུ་བཅོས་སྐྱོང་སྒྱུར་བཅོས་བཅས་ཀྱི་ཁ་ཕྱོགས་གཙོ་བོར་དམ་པོར་དམིགས་པ་དང་། གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་འཛུགས་སྐྱོང་དང་། གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་། ས་མཐོའི་ལུས་གསོ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། ཆེད་དོན་བརྟག་ཞིབ་བྱས་ཏེ་ཐབས་ཇུས་དང་གྲོས་འགོ་འདོན་དགོས། ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་དགེ་མཚན་འདོན་པ་དང་། བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་འཕྲོད་བསྟེན་བདེ་ཐང་གི་སྲིད་ཇུས་ཁག་དྲིལ་བསྒྲགས་དང་འཆད་འགྲེལ་ཧུར་ཐག་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཡང་དག་པའི་བདེ་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱེད་དགོས། སྒོ་དབྱེའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཉེ་འཁོར་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཟབ་ཏུ་གཏོང་བ། འགག་སྒོའི་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ལ་དམིགས་ནས་བརྟག་ཞིབ་གྲོས་མོལ་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་སྐྲུན་པ་དང“རྒྱུད་གཅིག་ལམ་གཅིག”དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སྤུས་ཚད་མཐོ་པོས་མཉམ་སྐྲུན་ལ་མཉམ་འདྲེས་གཏིང་ཟབ་ཡོང་བར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།
ཧོ་ལུའུ་ཁྲུན་གྱིས་གསུངས་དོན། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། སེམས་ནུས་ཡོད་རྒུས་སྲིད་གྲོས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་འདུས། བློ་གྲོས་གཅིག་འདུས། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། “དོན་ཆེན་བཞི”ལ་ཞབས་འདེགས་ནུས་ལྡན་ཞུས་ནས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབ་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཏང་དང་མང་ཚོགས་ཀྱི་སེམས་སྦྲེལ་ཟམ་པ་ཡག་པོ་ཞིག་བྱེད་དགོས། སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་གྲོས་ལས་དོན་གྱི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།