དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-21

    ཟླ་10ཚེས་15ནས་19ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་དང་བདེ་འཇགས་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ། ཡུལ་བབ་དང་བསྟུན་པ་དང་དགེ་སྐྱོན་གསབ་རེས་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏོང་བ། རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་མཐུད་ཡངས་སུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་གི་རྒུན་འབྲུམ་ཨ་རག་ཐོན་སྐྱེན་རྟེན་གཞི་དང་། གོ་འཇོ་རྫོང་ངག་དབང་ལུག་རྒྱུད་སྤེལ་རྟེན་གཞི། འཇོ་མདའ་རྫོང་རང་བྱུང་འཐུང་ཆུའི་ཐོན་སྐྱེད་རྟེན་གཞི།

    སྟེང་ཆེན་རྫོང“འགན་ལེན་གསུམ”གྱི་དངོས་ཟོག་བགོ་སྤྲོད་ལྟེ་གནས་བཅས་སུ་ཀརྨ་ཚེ་བརྟན་དང་ཁེ་ལས་ཀྱི་འགན་འཁུར་བས་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས། སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཞན་ཆ་སེལ་བ་དང་། ལེགས་ཆ་སྤེལ་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་པ། གྲངས་འབོར་མང་དུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱེད་པ། ཐོན་ལས་གཅིག་སྡུད་བྱེད་ཚད་མཐོ་རུ་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བཅས་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལག་ལེན་ཁྲོད་དུ་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་པ་རེད། འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་རྨིག་མདའ་གྲོང་ཚོའི་ཨ་བི་ཁ་འདེབས་འཛུགས་རྟེན་གཞི་དང་། སྟེང་ཆེན་རྫོང་སྟག་ཡན་བོད་ལུགས་གསོ་རིག་ལུས་གསོ་ལྟེ་གནས། རི་བོ་ཆེ་རྫོང་ཁམས་པའི་མེ་ཏོག་གླིང་མཛེས་ལྗོངས་ཁུལ་བཅས་སུ་ཀརྨ་ཚེ་བརྟན་དྲོད་ཁང་ཆེན་པོར་ཕེབས་ཏེ་ངོ་སྤྲོད་གསན་པ་དང་། ཐོན་རྫས་ལ་གཟིགས་པ། ཞིང་དུད་ལ་འཚམས་འདྲི་གནང་བ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཐོན་རྫས་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད། མང་ཚོགས་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། སྲིད་ཇུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ལེགས་ཆ། དམངས་ཕྱུག་གི་ལེགས་ཆ་བཅས་སུ་ཏན་ཏིག་བསྒྱུར་བ་དང་། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྦྱར་ནས་ཕན་འབྲས་ཆེ་རུ་གཏོང་དགོས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་བཀོད་པ་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་དང་། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། ཟུར་བསྣན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རིག་གནས་དང་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། སྤུས་རྟགས་ཀྱི་ལེགས་ཆ་དང་དཔེ་སྟོན་གྱི་ཕན་འབྲས་ཐོན་པ་བྱེད་པ། ཐོན་ལས་ཀྱི་གནས་ཐང་འཕར་བ་དང་རིག་གནས་རྒྱུན་འཛིན་ཐུབ་པ་བཅས་བྱས་ནས། མང་ཚོགས་ཐག་ཉེ་སར་ལས་ཞུགས་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་སྡེ་ཁུལ་དང་གྲངས་གཞི་ཆེ་མོའི་ལྟེ་གནས་སུ། ཀརྨ་ཚེ་བརྟན་གྱིས། ས་ཁོངས་ཀྱི་ཐོན་ལས་བཀོད་སྒྲིག་ལ་གཞི་ཚུགས་ཏེ“སྡེ་ཁུལ་ལ་བརྟེན་ནས་ལས་གཏོད་པ་བསྡུ་རུབ་དང་། ལས་གཏོད་པར་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་བའི”ཐོག་ནས་གཞོན་ནུ་ཤེས་ལྡན་པའི་ཞབས་ཞུའི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ཏེ། གཞོན་ནུ་ཤེས་ལྡན་པ་དེ་བས་མང་བས་རང་འགུལ་ངང་ས་གནས་འཕེལ་རྒྱས་ཀྱི་དགོས་མཁོའི་ཁྲོད་དུ་ལས་སྒྲུབ་ལས་གཏོད་བྱས་ནས་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་དགོས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ཁ་ཕྱོགས་ལ་དམིགས་ཏེ། གྲངས་གཞིའི་གཙོ་རྒྱུ་དོན་འཁྱོལ་དང་བཀོལ་སྤྱོད་བྱེད་པའི་རྣམ་པ་རྒྱ་སྐྱེད་བརྟན་པོ་གཏོང་བ་དང་གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གནས་དང་ཚིགས་དང་ཚིགས་དང་ཁྱོན་མཐུད་སྦྲེལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲངས་རིག་གི་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རི་བོ་ཆེ་རྫོང་ནི་རྒྱལ་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་དཔེ་སྟོན་རྫོང་ཡིན་ཞིང་། ཀརྨ་ཚེ་བརྟན་ཞུ་བཅར་དང་ལེན་ལྟེ་གནས་སུ་ཕེབས་ནས། གཞི་རིམ་གྱི་ཡིག་འབུལ་ཞུ་བཅར་བདག་སྤྲོད་དང་འགལ་བ་འདུམ་འགྲིག་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རི་བོ་ཆེ་རྫོང་གིས་འབྱུང་རྩ་ནས་བཅོས་སྐྱོང་ལ་སྐུལ་འདེད་མུ་མཐུད་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་སྔོན་ཐོན་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང“གཞི་རིམ་དུ་སླེབས་པ་བཞིའི”ལམ་ལུགས་ལག་ལེན་བསྟར་བ། “སྒོ་རྩར་སླེབས་པའི་མང་ཚོགས་ཀྱི་ལས་དོན”ཡག་པོ་སྒྲུབ་པ་བཅས་བྱས་ནས། གཞུང་འཁྱོངས་གསར་འབྱེད་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།