ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཐབས་བརྒྱ་ཇུས་སྟོང་གིས་བརྟན་ལྷིང་ལ་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས།
ཀུང་ཧུའེ་ཚའེ་ཞུགས་པ།

ཟླ་10ཚེས་14ནས་16ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་སྒར་རྫོང་བཀྲ་ཤིས་སྒང་གྲོང་རྡལ་བདེ་མཆོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ལས་དོན་པ་དང་སྤེལ་རེས་གནང་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། མི་རིགས་མཐུན་སྒྲིལ། མཐའ་དར་དམངས་ཕྱུག་བཅས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་10ཚེས་14ནས་16ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་སྐབས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གོ་སྐབས་དམ་འཛིན་དང་དངོས་སྒྲུབ་འགན་འཁུར་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་བརྟན་ལྷིང་ལ་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་སྔ་རྗེས་སུ་སྤུ་ཧྲེང་རྫོང་དང་། རྩྭ་མདའ་རྫོང་། སྒར་རྫོང་བཅས་སུ་ཕེབས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭ གཞི་རིམ་སྲིད་ཁྲིམས་ཚན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། རིག་དངོས་སྲུང་སྐྱོབ་ཚན་པ་སོགས་སུ་ཕེབས་ནས་སྐབས་བསྟུན་འཚམས་འདྲི་གནང་སྟེ། ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་། ཚང་མ་དང་ཅི་འཕྲོས་མོལ་འཕྲོས་ངང་ཏང་གི་བཀའ་དྲིན་གླེང་བ་དང་།བསམ་ཕྱོགས་གསལ་འབྱེད། ཐོན་ལས་གླེང་བ། ཐབས་ཇུས་འགོད་པ་བཅས་གནང་བ་མ་ཟད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལན་སྤྲོད་གནད་དོན་དག་ཐེར་དང་། ཐོན་ལས་ཀྱི་མཐའ་དར་དམངས་ཕྱུག ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད། དགོན་སྡེ་དོ་དམ། རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ཁྲོམ་རའི་བྱེད་པོར་འཚམས་འདྲི་གནང་ནས་ཚོང་གཉེར་ཁོར་ཡུག་དང་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཚེས་15ཉིན་གྱི་ཕྱི་དྲོར། ཧུའུ་ཁྲང་ཧྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་དོན་སྙན་སེང་གསན་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་ཡུན་རིང་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་མི་རིགས་ཁག་གི་མང་ཚོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། མངའ་རིས་ས་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་སྐོར་ལ་བླང་བྱ་བཏོན་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ཟབ་སྦྱོང་མཐིལ་རྟོགས་ཀྱིས་ལྷག་བསམ་རྣམ་དག་བྱེད་པར་དམིགས་ནས། མཐའ་སྐྱོང་བོད་བརྟན་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་དང་ཟུང་འབྲེལ་བྱས་ཏེ། ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་མངའ་རིས་ས་ཁུལ་དུ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
བརྟན་ལྷིང་སྲུང་སྐྱོང་གིས་དུས་བདེ་འགན་སྲུང་བྱེད་པར་དམིགས་ནས། མཐའ་བརྟན་མཐའ་དར་གྱི་བདེ་འཇགས་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། རང་འགུལ་ངང་དུས་བདེ་དང་བརྟན་ལྷིང་གཏོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། དྲིན་ཚོར་སློབ་གསོ་རྒྱ་ཁྱབ་སྤེལ་བ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཐོན་ལས་སྟོབས་ཆེར་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱེད་དགོས་ཤིང་། ནུས་ལྡན་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་བཀོད་སྒྲིག་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ལས་རྣམ་མང་པོ་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
སྐྱེ་ཁམས་སྲུང་སྐྱོང་གིས་རི་ཀླུང་མཛེས་པོ་ཡོང་བར་དམིགས་ནས། ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལན་སྤྲོད་གནད་དོན་དག་ཐེར་ལ་སྐུལ་འདེད་ནུས་ལྡན་གཏོང་བ། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ། ཚན་རིག་དང་མཐུན་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ། གཙོ་གནད་ཆུ་བོ་དང་མཚེའུ་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྐྱེ་ཁམས་རིན་ཐང་གཞན་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། མང་ཚོགས་དེ་བས་མང་བས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པར་བྱེད་དགོས།
དམངས་འཚོ་ལེགས་གཏོང་གིས་བདེ་རྩ་ཆེ་རུ་གཏོང་བར་དམིགས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྩལ་ནུས་གསོ་སྦྱོང་བྱེད་པ། ཐོན་ལས་ཀྱིས་ཞིང་འབྲེལ་དང་ཞིང་ཁྲིད། ཞིང་ཕྱུག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐའ་མཚམས་གྲོང་གསར་གྱི་ཐོན་ལས་རྣམ་གྲངས་དང་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།
བདེ་འཇགས་འཕེལ་རྒྱས་ཀྱིས་མཐའ་ཚད་སྲུང་བར་དམིགས་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ནུས་པ་ཆེ་རུ་གཏོང་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་མི་སྣ་འདུ་འཛོམས་ཆེ་སར་དམ་པོར་དམིགས་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ། བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་ཀྱི“1263”ཞིབ་ཚགས་ཅན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ཞབས་ཞུའི་ལམ་སྲོལ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས།
ཏང་ནན་སྐྱོང་གིས་དཔུང་ཁག་སྟོབས་ཆེར་གཏོང་བར་དམིགས་ནས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་དམག་ཧྲག་གཏོད་དགོས་ཤིང་། གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་ལེགས་བཅོས། རིམ་ཁག་ལས་བྱེད་པའི་དཔུང་ཁག་དྲག་འདེམས་ཧྲག་སྒྲིག རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ལྷག་པར་དུ་ས་བབ་ཤིན་ཏུ་མཐོ་ཁུལ་གྱི་ལས་བྱེད་ལས་བཟོར་ཐུགས་ཁུར་གཅེས་སྐྱོང་། ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་རྒྱུན་མཐུད་གཏོང་བ། དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
ཧུའུ་ཁྲང་ཧྲེང་གིས་མཇུག་ཏུ་ནན་བཤད་གནང་དོན། མིག་སྔའི་གཙོ་གནད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་རིམ་པ་ལྟར་སྐུལ་འདེད་ནུས་ལྡན་གཏོང་བ། སང་ལོའི་ལས་དོན་ཇུས་འགོད་ནན་ཏན་བཅས་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།