ཧུའུ་ཁྲང་ཧྲེང་གིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོའི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
ཀུང་ཧུའེ་ཚའེ་ཞུགས་པ།
ཟླ་10ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་སུ་ཕེབས་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་དེ་བཞིན་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཏང་གི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། སྔར་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོའི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་རྔ་ཆེན་དོ་དམ་ལྟེ་གནས་དང་། ཡིག་འབུལ་ཞུ་བཅར་གྱི་སྣེ་ལེན་ཚོམས་ཆེན། ལྟ་སྐུལ་ཞིབ་བཤེར་བརྟག་དཔྱད་ལག་རྩལ་ཁང་། ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་སོགས་སུ། ཧུའུ་ཁྲང་ཧྲེང་གིས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་རྣམས་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ། ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ས་ཡུལ་དངོས་སུ“ཅན་གསུམ”འཛུགས་སྐྱོང་དང་། ཡིག་འབུལ་ཞུ་བཅར། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྐྱོང་། ཚན་རྩལ་གྱི་མཐུན་རྐྱེན་སྦྱར་ནས་རུལ་སུངས་ལ་ངོ་རྒོལ་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད།
ལས་ཀའི་སྙན་སེང་གསན་རྗེས་ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་བྱས་ཤིང་། གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། སྒྲིག་བཤེར་ལྟ་ཞིབ་ལས་དོན་ནི་ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བརྟན་པོ་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། རང་རྟོགས་ངང་སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་སྤྱི་ཡོངས་ཁྲོད་བཞག་ནས་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། རྩ་ལག་མཉམ་བཅོས་རྒྱུན་མཐུད་བྱེད་ཟབ་ཏུ་གཏོང་བ་དང་། དམིགས་བསལ་རང་བཞིན་མེད་པའི་བསམ་བློ་བརྟན་པོར་འཛུགས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་དང་ཏན་ཏིག་དཀྲི་བ། བསམ་བློས་སྤྱོད་གཙང་སྐྱོང་བ་དང་། ལྟ་སྐུལ་གྱིས་སྤྱོད་གཙང་སྐུལ་བ། སྒྲིག་ཁྲིམས་ཀྱིས་སྤྱོད་གཙང་སྲུང་བ། བཅོས་སྐྱོང་གིས་སྤྱོད་གཙང་བརྟན་གཏོང་། རིག་གནས་ཀྱིས་སྤྱོད་གཙང་འབྱོངས་བ་བཅས“གཙང་ལྔ་མཉམ་སྤེལ”མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་སྤྱོད་གཙང་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་རྒྱག་པ། དབང་ཆ་འཁོར་རྒྱུག་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས། “དབྱེ་བ་འབྱེད་པ་གསུམ”དོན་འཁྱོལ་ནན་ཏན་བཅས་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མཉམ་བཤེར་མཉམ་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་སྟེ་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་འཁུར་བ་དང་། སྒྲིག་བཤེར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན། སྡེ་ཚན་གྱིས་མཐུན་སྦྱོར་སྐུལ་འདེད། གྲོང་ཁྱེར་དང་རྫོང་གིས་དམ་འཛིན་གཙོ་བོ་དང་གཙོ་འཐབ་བཅས་ཀྱི་མཉམ་འགུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྐྱོང་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཡོང་བར་གཞོགས་འདེགས་བྱེད་པ། རྒྱབ་ལོགས་ཀྱི་རུལ་སུངས་དང“སྲུང་གདུགས”རྒྱབ་རྩ་སྔོག་འདོན་དང་ཞིབ་བཤེར་མཐར་ཕྱིན་བྱེད་པ། གནད་དོན་དག་ཐེར་ལ་ཤུགས་སྣོན་རྒྱག་པ། གྱོད་གཞི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། རྒྱུན་མཐུད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་གཏོད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་དང་། སྐོར་གཟིགས་སྐོར་ཞིབ་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་བཅས་འབྲེལ་མཐུད་བྱེད་པ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་རེ་འདུན་ཐག་གཅོད་ཡག་པོ་བཅས་བྱས་ནས། བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྤྱོད་གཙང་འཛུགས་སྐྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་སྒྲུབ་པའི་འཇོན་ནུས་ཆེ་རུ་གཏོང་བ། གྲི་དངོ་རང་གཏད་མཐའ་འཁྱོངས་བྱེད་པ། ནན་སྡོམ་ནན་བཅོས་དང་རང་ངོས་དྭངས་གཙང་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་ཀྱི་རླུང་ཙི་ཚགས་དམ་དུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ནུས་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་ཧུར་ཐག་གཏོད་དགོས་པ་དང་། སྙིང་ཉེ་བ་དང་། བློས་འགེལ་ཆོག་པ། གུས་པར་འོས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གཟུགས་བརྙན་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།