རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་གྱི་སྒོ་དབྱེའི་མཉམ་ལས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
ཟླ་10ཚེས་16ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་དང་སྒོ་དབྱེ་མཉམ་ལས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་རྩ་བའི་རང་བཞིན་དང་། ཁ་ཕྱོགས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་དོན་འཁྱོལ་བྱེད་པ། བདེ་ཐང་སྔོན་ལ་འཇོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། “མ་ལག་ལྔ”དང“ནུས་པ་ཆེན་པོ་དྲུག”འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ལ་དམ་འཛིན་དང་། ཞན་ཆ་སེལ་བ། ཞབས་ཞུ་ལེགས་པ་བཅས་བྱས་ཏེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱེད་པ། འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཉེར་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ། རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྤུས་ལེགས་གཞི་རིམ་གྱི་འཐབ་ས་དང་པོ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ། ཐག་རིང་ལུང་ཁུག་ས་ཁུལ་བཅས་སུ་གཟིགས་སྐྱོང་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཐོན་ཁུངས་ཡག་པོ་སྤྱོད་པ། འཕྲལ་སྡོམ་སྐྱོབ་བཅོས་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྨན་བཅོས་སྐྱོབ་བཅོས་ཀྱི་ཆུ་ཚད་དང་འཕྲལ་སྡོམ་སྐྱོབ་བཅོས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ནད་ཡམས་སྔོན་འགོག་གི་རྨང་གཞི་བརྟན་དུ་གཏོང་བ་དང་། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་མིའི་བདེ་ཐང་གི་གཟུགས་གཞི་བརྟག་དཔྱད་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བ། གྲོང་མིའི་བདེ་ཐང་ཡིག་ཚགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ། བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ། རྨང་གཞིའི་ཞིབ་འཇུག་ལ་གྲུབ་འབྲས་ཐོན་པར་བྱས་ཏེ་ས་མཐོའི་རང་བཞིན་གྱི་ནད་ཡམས་དང་ས་གནས་རང་བཞིན་གྱི་ནད་ཡམས་ཀྱི་ནད་ཐོག་ཞིབ་འཇུག་དང་ནད་རྐྱེན་ཞིབ་འཇུག་ཡག་པོ་བྱེད་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཁོར་འབྲེལ་གྱི་ཚན་རྩལ་འགག་སྒྲོལ་ལག་བསྟར་ཤུགས་ཆེན་བྱེད་པ། བོད་སྨན་སྨན་རྒྱུ་རྒྱུན་མཐུད་མཁོ་སྤྲོད་དང་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ། སྒྱུར་བཅོས་ཟབ་ཏུ་གཏོང་བའི་དཀའ་གནད་བསལ་ནས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་སྒྲིག་གཞིའི་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་རྒྱུར་སྐུལ་འདེད་གཏོང་བ། སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་དོ་དམ་གྱི་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས་པ། ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི་ཤེས་ལྡན་པའི་དཔུང་ཁག་དང་འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་། ཁུལ་ཁོངས། རིག་ཚན་དང་ཆེད་ལས་བཅས་དབར་གྱི་ཧེ་བག་ཆུང་དུ་གཏོང་བ། སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས་པ་བཅས་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་ཚོང་འདུས་སྐབས་140པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། སྒོ་དབྱེའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ནུས་ཤུགས་ཡོད་རྒུས་སྐྲུན་པ། མཐའ་འཁོར་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཧུར་ཐག་ཞུགས་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་རང་འགུལ་ངང་ཞུགས་པ་དང་ཞབས་འདེགས་ཞུ་བ། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་པོ་སོགས་ཀྱི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་བྱེད་པ། འགག་སྒོའི་དཔལ་འབྱོར་སྟོབས་ཆེར་གཏོང་བ། སྒོ་དབྱེའི་ལས་སྟེགས་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། སྤུས་ལེགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཤུགས་ཆེན་བྱེད་པ། “བོད་ལྗོངས་མིང་ཅན”སྤུས་རྟགས་རྒྱུན་མཐུད་གཏོད་པ། “ཡུལ་ཟོག”དེ་བས་མང་བ་ས་མཐོ་ནས་ཕྱིར་གཏོང་དང་འཛམ་གླིང་དུ་འདོན་ཐུབ་པ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།