དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-14

    ● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་རང་ལྗོངས་ཀྱི་དམངས་འཚོ་ལེགས་གཏོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ།

     ཟླ་10ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་རང་ལྗོངས་ཀྱི་དམངས་འཚོ་ལེགས་གཏོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཕྱོགས་སྡོམ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་གནང་ནས་ང་ཚོས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཏན་ཏིག་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་དང་རེ་རེ་བཞིན་བསྡུར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བརྗིད་ཆེའི་འཆར་གཞི་བཀོད་གནང་བ་དེ་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་ཕན་འབྲས་སུ་འགྱུར་བར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཏན་ཏིག་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་དང་དེ་སེལ་བ། དཔལ་འབྱོར་རྒྱུན་མཐུད་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་བྱེད་པ། ལས་བྱེད་པའི་འགན་འཁྲི་འཁུར་སེམས་ཀྱི་ལྕག་སྐུལ་དང་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《བདེན་འཚོལ》དུས་དེབ་ཐོག་སྤེལ་གནང་བའི་རྩོམ་ཡིག་གལ་ཆེན《ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས》ཞེས་པ་བརྒྱུད་བསྒྲགས་སློབ་སྦྱོང་དང་ལྗོངས་ཡོངས་ཀྱི་དམངས་འཚོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད། ཚོགས་འདུའི་ཐོག་ནན་བཤད་གནང་དོན། དམངས་འཚོ་དེ་དམངས་སེམས་དང་འབྲེལ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་གཞིར་བཟུང་། མིག་སྔ་དང་ཕུགས་ལ་སྤྱི་འདོམས་བྱེད་པ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མཐའ་འཁྱོངས་ཀྱིས་སེམས་ནུས་ཡོད་རྒུས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཐ་སྐྱོང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱིའི་རྒྱུན་རྣམ་ཅན་གྱི་མཐིལ་རྟོགས་གྲལ་བཤེར་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཁ་གསབ་སྤྲོད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་པ་དང་རོགས་སྐྱོབ་བྱེད་དགོས་རིགས་ལ་རོགས་སྐྱོབ་བྱེད་དགོས། ཀུན་ཕན་སྤྱི་པའི་ཞབས་ཞུ་མཁོ་འདོན་ནུས་ལྡན་བྱེད་རྒྱ་ཆེ་རུ་བཏང་ནས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་བརྟན་དུ་བཏང་སྟེ། སྤུས་ལེགས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་གཞི་རིམ་དང་ཞིང་འབྲོག་པར་ཐད་ཀར་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞིའི་རང་བཞིན་གྱི་དམངས་འཚོའི་ཞན་ཆ་གང་མགྱོགས་བསལ་ནས། རྨང་གཞིའི་སྒྲིག་བཀོད་ཚད་རིམ་གཉིས་སྤར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་གྱི་བྱ་སྤྱོད་མུ་མཐུད་ལག་ལེན་བསྟར་ཏེ་གཞི་རིམ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་གཏོང་དགོས། ལས་ཞུགས་འབབ་འཕར་མཐུན་སྦྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་རོགས་དངུལ་དང་ལས་གཏོད་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་ཕྱིར་གླ་པར་སྐྱོད་མཁན་གྱི་འབབ་འཕར་ཐབས་ལམ་སྣ་ཚོགས་རྒྱ་ཆེར་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཆུ་ཚད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དུས་མཉམ་དུ་མཐོ་རུ་ཧུར་ཐག་གཏོང་དགོས། དམངས་འཚོའི་དོན་དངོས་གདུབ་ཟུམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། ལོ་འཁོར་གྱི་དམངས་འཚོའི་བྱ་བ་དངོས་དོན་འཁྱོལ་བྱེད་པར་གསལ་ཐོ་རྣམ་པའི་སྐུལ་འདེད་དང་། ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན། ཐོ་སུབ་དོ་དམ་བཅས་བྱེད་པ་དང་། དམངས་འཚོའི་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་ནན་པོ་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་དང་། གནད་དོན་ཚུར་ལན། དག་ཐེར་འཚམས་ལན་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་འཚོའི་བྱ་བ་དངོས་ཚང་མ་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། ད་ཡོད་ཀྱི་ཐོན་ལས་རྨང་གཞིར་བརྟེན་པ། ཁྱད་ལྡན་ཐོན་ལས་ཀྱི་འཁོར་འབྲེལ་སྐྱེད་སྲིང་ཧུར་ཐག་བྱེད་པ། ཐོན་ལས་ཐོན་སྐྱེད་བྱེད་སྟངས་རིམ་འཇུག་བྱེད་པ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་ཞན་ཆ་སེལ་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐོན་ལས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།