དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྨན་གླིང་གྲོང་ཁྱེར་དང་བྲག་ཡིབ་ཆུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-13

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཉིང་ཁྲིའི་སྨན་གླིང་གྲོང་ཁྱེར་དང་བྲག་ཡིབ་ཆུས་སོགས་སུ་སྐྱེ་ཁམས་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    སྨན་གླིང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་སྐྲུན་ཡུལ་དུ་ཀརྨ་ཚེ་བརྟན་གྱིས་ཨར་སྐྲུན་གྱི་འཕེལ་རིམ་དང་། བདེ་འཇགས་བྱེད་ཐབས། གཞི་རྒྱུ་གཙོ་བོ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་འཕྲད་པའི་དཀའ་གནད་དང་འགག་གནད་ལ་ས་གནས་ས་ཐོག་ཏུ་ཞིབ་འཇུག་ཀྱང་གནང་བ་རེད། ཁོང་གིས། སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཨར་ལས་སྟོབས་ཤུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་། ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཚད་གཞི་མཐོ་པོས་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་འཛིན་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། བདེ་འཇགས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ལས་འཛོལ་སྣ་ཚོགས་མ་ཐོན་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གཏོགས་ཁོངས་ས་ཆའི་འགན་འཁྲི་ནན་པོ་ཁུར་ནས “ཁུལ་གསུམ་དང་རྒྱུད་གསུམ”གྱི་དོ་དམ་ཚོད་འཛིན་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་དང་ཚགས་དམ་དུ་གཏོང་བ། འཆར་འགོད་ཀྱི་བཙན་ཐབས་འཆུན་འདོམས་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་གྲོང་རྡལ་དུ། ཀརྨ་ཚེ་བརྟན་གྱིས་ཞོལ་པ་གྲོང་ཚོའི་ཡུལ་མི་ནོར་བུ་དགྲ་འདུལ་ནང་མི་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ཁོང་ཚོའི་ཁྱིམ་ཚང་གི་ཡོང་འབབ་དང་། ལས་ཞུགས་འབབ་འཕར། སྨན་བཅོས་སློབ་ཞུགས། སྐྱེ་ཁམས་ཁ་གསབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ། མང་ཚོགས་སྐྱེ་ཁམས་དང་འབྲེལ་བ་ཡོད་པའི་ཐོན་ལས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས། མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་སྐྱེ་ཁམས་བཟང་པོ་ལས་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་མཛེས་སྡུག་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་མཉམ་སྤྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ལྕི་ཤོས་སྐྱེ་ཁམས་ཡིན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ལྡན་ཡོད། བརྟག་ཞིབ་གནང་རིང་ཀརྨ་ཚེ་བརྟན་གྱིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྐྱེ་ཁམས་བདེ་འཇགས་འགན་ལེན་དང་སྐྱེ་ཁམས་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་ལས་རྣམ་གྲངས་དང་། གྲོང་ཁྱེར་གསར་བརྗེས། རྨང་གཞིའི་སྒྲིག་བཀོད། དམངས་འཚོ་ལེགས་གཏོང་། སྤྱི་པའི་ཞབས་ཞུ་སོགས་ཕྱོགས་ཁག་གི་འཛུགས་སྐྲུན་ཇུས་འགོད་ཞིབ་ཚགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་རིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།