དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།

    ཧུའུ་ཁྲང་ཧྲེང་དང་ཞུས་ཆིན་གྱིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་དང་ཀུང་ཧུའེ་ཚའེ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-12

    ཟླ་10ཚེས་8ཉིན་ནས་ཚེས་10ཉིན་བར་ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ལྷ་སར་བོད་ལྗོངས་དང་ཧེ་ལུང་ཅང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཆིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཟླ་10ཚེས་8ཉིན་ནས་ཚེས་10ཉིན་བར། ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ལྷ་སར་བོད་ལྗོངས་དང་ཧེ་ལུང་ཅང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཆིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། དྲུང་ཆེ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀུང་ཧུའེ་ཚའེ་དང་། ཧེ་ལུང་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཁྲེན་ཧྲའོ་པོ་ཡིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་རེད། ཧེ་ལུང་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཞུས་ཤང་གོ་ཚོགས་འདུར་ཞུགས་པ་རེད།

    ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས། ཧེ་ལུང་ཅང་ཞིང་ཆེན་ནི་རང་རྒྱལ་གྱི་བཟོ་ལས་རྟེན་གཞི་རྙིང་པ་དང་། ཚོང་འབྲུའི་རྟེན་གཞི། སྐྱེ་ཁམས་སྲུང་བཅད་བཅས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧེ་ལུང་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། རྒྱལ་ཁབ་ཀྱི“བདེ་འཇགས་ཆེན་པོ་ལྔ”སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། “རྟེན་གཞི་གསུམ་དང་། སྲུང་བཅད་གཅིག མཐོ་ས་གཅིག”བཅས་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་ཡག་པོ་ཆུད་པ།“ལུང་ཅང་དྲུག”མགྱོགས་མྱུར་སྐྲུན་པ། “དར་རྒྱས་བརྒྱད”ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་བྱ་གཞག་ཁག་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། ལྷག་པར་དུ་ཧེ་ལུང་ཅང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་རོགས་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་། བོད་ཀྱི་ལས་དོན་རང་ཉིད་ཀྱི་ལས་དོན་ལ་བརྩིས་ཏེ་ཡག་པོ་བསྒྲུབས་ནས་བོད་ལྗོངས་དང་ལྷག་པར་དུ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་བློ་ལ་ངེས་པ་དང་བཀའ་དྲིན་ཚོར་བཞིན་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རང་ངོས་ཀྱི་ལེགས་ཆ་བཏོན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉམ་ཤུགས་སྔར་བས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས“ལུང་བོད་རྟགས་ཅན”གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་དང་ཡུལ་སྐོར་གཙང་གླས་གནམ་གྲུ་གཏོང་བ། “སེ་འབྲུའི་རྡོག་བཞིན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གཞོན་ནུ་ལོ་ཆུང་གི་སྤེལ་རེས་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་བ། རིག་གནས་དང་ལུས་རྩལ་སྤེལ་རེས་བྱེད་སྒོ་གསར་གཏོད་ལྡན་པའི་ངང་སྤེལ་བ་བཅས་བྱས་ཏེ་ས་གནས་གཉིས་པོའི་མང་ཚོགས་ཀྱི་འབྲེལ་བ་ཇེ་ཟབ་དང་ཇེ་ཉེར་གཏོང་བ། ཁ་གཏད་རོགས་སྐྱོར་ལས་དོན་སྔར་བས་ཟབ་ཏུ་བཏང་ནས་གཞིས་རྩེར་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། ཤེས་ལྡན་ལས་བྱེད་པའི་སྤེལ་རེས་མཉམ་ལས་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཞུས་ཆིན་གྱིས་ཧེ་ལུང་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་ཞུས་ནས་བོད་ཀྱིས་ཧེ་ལུང་ཅང་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་བོད་སྐྱོར་ཤེས་ལྡན་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། “ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་བྱས་ཏེ་ཧེ་ལུང་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་། བོད་སྐྱོར་གནད་སྨིན་དང་། བརྒྱུད་རིམ་ལྡན་པའི་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་བྱེད་པ། ཧེ་ལུང་ཅང་གི་ཐོན་ཁུངས་དང་། སྐྱེ་ཁམས། ཚན་ཞིབ། ཐོན་ལས་དང་ས་བབ་ཀྱི་ལེགས་ཆ་འདོན་པ། རྨང་གཞིའི་སྒྲིག་བཀོད་དང་། དེང་རབས་ཞིང་ལས། དམངས་འཚོ་འགན་སྲུང་། སློབ་གསོ་དང་སྨན་བཅོས་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་ཚོང་དོན་མ་འཇོག་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། ཚེ་སྲོག་བདེ་ཐང་། གངས་འཁྱགས་ལུས་རྩལ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཧེ་ལུང་ཅང་གི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    བོད་དུ་བཞུགས་རིང་ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་སྔ་རྗེས་སུ་བོད་ལྗོངས་རྟེན་མཛོད་ཁང་དང་། གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་། གཞིས་རྩེ་རྟེན་མཛོད་ཁང་བཅས་ལ་རྟོག་ཞིབ་གནང་བ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།