དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་འགོ་ཚུགས་པ།

    ཀརྨ་ཚེ་བརྟན་གྱིས་ཤིས་ཚིག་གསུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-12

    ཚེས་10ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་ཉིང་ཁྲིར་འགོ་ཚུགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཤིས་ཚིག་གསུངས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་དང་། སྲིད་གཞུང་གི་དྲུང་ཆེ་ལི་ཧུང་ཅུན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་དང་། ཚུའེ་ཕེང་། སུན་ཧང་། ཧྥང་ཞའོ་མིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རྡོ་རྗེ་བཅས་གླེང་སྟེགས་ལ་ཞུགས་པ་རེད།

    ཀརྨ་ཚེ་བརྟན་གྱིས་ཤིས་ཚིག་གསུང་སྐབས་ནན་བཤད་གནང་དོན། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་དང་སྐྱེ་ཁམས་འཐབ་ཇུས་ཀྱི་མཐོ་ས་ཞིག་ཡིན་པས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ལྕི་ཤོས་ནི་སྐྱེ་ཁམས་ཡིན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ལྡན་ཡོད། ལྗོངས་ཡོངས་ཀྱིས་རི་ཆུ་ནགས་ཞིང་མཚོ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ། སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དམིགས་ཚད་མང་པོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་འོག་གི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། མཐུན་སྦྱོར་སྲུང་སྐྱོང་། སྐྱེ་ཁམས་བདེ་འཇགས་སོགས་ཀྱི་ཞིབ་འཇུག་བྱ་གཞི་གསར་ཤོས་ལ་དམ་པོར་དམིགས་ནས་རྩེར་སོན་གྱི་རིག་གཞུང་སྤེལ་རེས་ཀྱི་ལས་སྟེགས་བཏོད་དེ། ས་མཐོའི་སྐྱེ་ཁམས་ཚན་རྩལ་གྱི་ཞན་ཆ་སེལ་བ་དང་། བློ་རིག་གི་བཅོས་སྐྱོང་མ་ལག་རིམ་སྤོར་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་ལ་སྒུལ་ནུས་ཆེན་པོ་བསྣན་རྒྱུ་རེད།

    མིག་སྔར་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་བྱེད་པའི་དུས་མཚམས་སུ་སླེབས་ཡོད།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཚན་རྩལ་ལ་བརྟེན་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཐེངས་གཉིས་པར་བརྟེན་པ་དང་། ས་མཐོའི་སྐྱེ་ཁམས་ཀྱི་དཀའ་གནད་ལ་དམིགས་ནས་ཚན་ཞིབ་འགག་སྒྲོལ་བྱེད་པ། སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་མཐུད་བརྟན་དུ་གཏོང་དགོས། གསར་གཏོད་ལ་བརྟེན་ནས་སྔོ་རྒྱ་ཆེར་གཏོང་མཐའ་འཁྱོངས་ཀྱིས་ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་འགག་སྒྲོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སླར་གསོ་དང་ལྗང་མདོག་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་ཞིབ་སྤེལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ། ས་མཐོའི་སྐྱེ་ཁམས་སླར་གསོའི་ལག་རྩལ་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བཅས་བྱས་ཏེ་སྐྱེ་ཁམས་བཅོས་སྐྱོང་གི་སྤུས་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཐོན་ལས་ལ་བརྟེན་ནས་ལྗང་མདོག་ཕྱོགས་སྒྱུར་མཐའ་འཁྱོངས་ཀྱིས་ནགས་ཚལ་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་ཀྱི་ནུས་པ་སྤྱི་འདོམས་འདོན་སྤེལ་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་ལ་བརྟེན་ནས་སྐྱེ་ཁམས་ཞིང་འབྲོག་ལས་དང་། ལྗང་མདོག་བཟོ་ལས། སྐྱེ་ཁམས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་མགྱོགས་པོ་བྱེད་དགོས། གྲངས་རིག་ལ་བརྟེན་ནས་སྔོ་ལྗང་སྲུང་སྐྱོང་མཐའ་འཁྱོངས་ཀྱིས་གྲངས་འཛིན་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་རིག་ནུས་ཀྱི་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་ལ་སྐུལ་འདེད་གཏོང་བ། ས་མཐོའི་ལྗང་མདོག་རིག་ལྡན་གྱི་གྲངས་འཛིན་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་བྱས་ནས་ཁོར་ཡུག་ལྟ་འདོམས་ཀྱི་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཁོང་གིས་རིགས་གཅིག་མཁས་ཅན་དང་ལས་རིགས་གཅིག་པའི་བློ་མཐུན་ཚོས་གླེང་སྟེགས་འབྲེལ་ཐག་ཏུ་བྱས་ཏེ་ཐབས་འདོན་ཇུས་འབུལ་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཀྱིས་ས་མཐོར་ཚན་ཞིབ་ལ་བརྟེན་ནས་སྐྱེ་ཁམས་ཀྱི་གྲུབ་འབྲས་ཡག་པོ་ཐོབ་པར་བྱས་ཏེ། ཚན་རྩལ་གྱིས་སྐྱེ་ཁམས་ལ་མཐུན་རྐྱེན་སྦྱོར་བ་དང་ལྗང་མདོག་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བོད་ཀྱི་མ་དཔེ་གཏོད་པའི་ཐུགས་རེ་གནང་བ་རེད།

    ད་ཐེངས་ཀྱི་ལྟེ་བའི་གླེང་སྟེགས་གཙོ་བོའི་འགོ་བརྗོད་ནི《ཚན་རིག་དང་མཐུན་པའི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བཅག་སྟེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། ཚན་རྩལ་ལ་བརྟེན་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་འདེགས་སྐྱོར་བྱས་ཏེ་ས་མཐོའི་གནས་འཕྲོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས》ཞེས་པ་དེ་ཡིན་པ་དང་། བརྗོད་དོན་གཙོ་བོའི་ཡན་ལག་གླེང་སྟེགས་ནི《ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་གཏོད》དང《མཛེས་སྡུག་ལྡན་པར་འགྱུར་བ་བྱས་ཏེ་ས་མཐོའི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད》ཅེས་པ་དེ་རེད།

    ཡའོ་ཐན་ཏུང་གིས《མཚོ་བོད་ས་མཐོའི་ཁོར་ཡུག་ཕྱོགས་སྒྱུར་དང་འཚམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཚན་རིག་རྟོག་ཞིབ་འཐབ་ཇུས་དང་ཚན་རིག་རྟོག་ཞིབ་ལས་འགན》ཞེས་པ་འགོ་བརྗོད་དུ་འཁོད་པའི་གཙོ་དོན་སྙན་སྒྲོན་གནང་བ་རེད། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ལྷན་དང་། རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཨུ་ལྷན། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་དང་དེ་བཞིན་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ཁག་སོ་སོར་ཤིས་ཚིག་གསུངས་པ་དང་འབྲེལ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའང་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།