བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེན་མོ་སྐབས་བཅུ་དགུ་པ་ལྷ་སར་འགོ་ཚུགས་པ།
ཚེས་9ཉིན་གྱི་སྔ་དྲོར། བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེན་མོ་སྐབས་བཅུ་དགུ་པ་དང“ལྗོངས་རྣམ་ཁྲོད་ཀྱི་དུས་རབས་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་གསར་རྩོམ་འགྲེམས་སྟོན་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་ཉར་ཚགས་བརྩམས་ཆོས་ཀྱི་རྩོམ་པ་པོར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་གནང་བ་རེད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བ། མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བ་བཅས་ཀྱི་ལོ་ཞིག་རེད། བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེན་མོ་སྐབས་བཅུ་དགུ་པས“ལྗོངས་རྣམ་ཁྲོད་ཀྱི་དུས་རབས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཡོངས་བསྒྲགས་ངང་རྩོམ་ཡིག་བསྡུ་བ་དང་ཆེད་དོན་དམངས་གཞས་འཚོལ་བསྡུ་བྱེད་སྟངས་བརྒྱུད་བརྩམས་ཆོས་བསྡུ་རུབ་བྱས་ཤིང་། ད་ལོའི་ཟླ་བ་གཉིས་པ་ཚུན་དུ་ཁྱོན་བརྩམས་ཆོས་6800ལྷག་ཙམ་འབྱོར་བ་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད། མཐར་རིགས་གཅིག་ནས་བཞི་བར་གྱི་ཉར་ཚགས་བརྩམས་ཆོས་16ཐོན་ཡོད། འགྲེམས་སྟོན་ནང་ཕུལ་བྱུང་བརྩམས་ཆོས་300ལྷག་ཙམ་ལེགས་འདེམས་བྱས་པ་དེ་དག“བོད་ཀྱི་རི་ཀླུང་གི་ཉམས་འགྱུར། ཕུགས་འདུན་དོན་གཉེར་གྱི་ལེའུ་གསར”ཞེས་པའི་འགྲེམས་སྟོན་གཙོ་བོ་དང་། “སོར་རྩེའི་པར་རིས”ལག་ཐོགས་ཁ་པར་གྱི་པར་རིས་འགྲེམས་སྟོན། “བཀྲ་ཤིས་མཁའ་ལམ”གྱི་ཆེད་དོན་འགྲེམས་སྟོན་བཅས་འགྲེམས་གནས་མི་འདྲ་བར་དབྱེ་ཡོད། བརྙན་པར་བརྩམས་ཆོས་དེ་དག་གིས་ཕྲ་མཐོང་རྣམ་པའི་ཐོག་ནས་བརྗིད་ཉམས་ལྡན་པའི་དུས་རབས་ལ་འགྲེལ་བཤད་བརྒྱབ་སྟེ་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་། སྐྱེ་ཁམས་ཀྱི་མཛེས་པ། མཐུན་སྒྲིལ་གྱི་སྟོབས་ཤུགས། དམངས་འཚོའི་དྲོ་སྐྱིད་བཅས་དངོས་སུ་མངོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དུས་ཡུན་ཉིན་15ཡིན་པ་དང་ཚེས་23ཉིན་བར་རྒྱུན་མཐུད་གཉེར་རྒྱུ་ཡིན་ཞིང་། དེའི་རིང་ད་དུང་དྲ་ཕྱིའི་རིག་གནས་ཉམས་ལེན་བྱེད་སྒོའང་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།