རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཙོ་སྐྱོང་གནང་བ།
ཏང་ཀྲུང་དབྱང་གིས་ཏིང་ཡེ་ཤན་ལ་ཐག་གཅོད་བྱས་པའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ།
རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཏིང་ཡེ་ཤན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་བཅད་པ་དང་གཏན་འབེབས་གཞིར་བཟུང་ཁོ་པའི་ལོངས་སྤྱོད་ཀྱི་ཐོབ་ཐང་མེད་པར་བཟོ་བའི་གཏན་འབེབས་བརྡ་ཁྱབ་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་ཞུགས་བློ་མཐུན་ཚོས། ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཏིང་ཡེ་ཤན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་བཅད་པ་དང་གཏན་འབེབས་གཞིར་བཟུང་ཁོ་པའི་ལོངས་སྤྱོད་ཀྱི་ཐོབ་ཐང་མེད་པར་བཟོ་བའི་གཏན་འབེབས་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ཆད་པ་གཅོད་པའི་ཆོད་སེམས་བརྟན་པོ་དང་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་བློ་སྟོབས་བརྟན་པོ་གང་ལེགས་མཚོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བཀག་རྒྱ་མེད་པ་དང་། སྤྱི་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་ཀྱི་བརྡ་རྟགས་དྲག་པོ་གང་ལེགས་བཏང་ཡོད། ཕྱི་འདོམས་ཀྱི་བསླབ་བྱ་ལེན་པ་དང་ཉེན་བརྡ་རྒྱུན་སྒྲོག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་དང་། འགན་འཁྲི་ནན་འཁུར། ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བཅས་བྱས་ནས། ཏང་སྲོལ་སྲིད་སྲོལ་གྱི་སྣེ་ཁྲིད་པ་དང་། འཛུགས་སྐྱོང་བ། སྲུང་སྐྱོང་བ་བཅས་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་གཅིག་ཏུ་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།
དབང་ཆར་དོ་དམ་དང་བཅོས་སྐྱོང་གི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་ལ་བརྟེན་ནས་དབང་ཆར་བཅོས་སྐྱོང་དང་སྒྲིག་སྲོལ་ལ་གཞིགས་ནས་དབང་ཆར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་དང་། བཅོས་སྐྱོང་། འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་གཏོང་བ། དབང་ཆ་སྤྱོད་པའི་མཐའ་ཚད་གསལ་པོ་འབྱེད་པ་དང་དབང་ཆ་སྤྱོད་པའི་སྒྲིག་སྲོལ་འཛུགས་པ་བཅས་བྱས་ནས། དབང་བརྟེན་ཁེ་འཚོལ་གྱི་བར་མཐོངས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། རུལ་སུངས་ལ་ཆད་པ་གཅོད་པ་དང་བཅོས་སྒྲིག་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཡུན་རིང་མཐའ་འཁྱོངས་བྱེད་པ། ངན་རུལ་མཉམ་བཤེར་མཉམ་བཅོས་གཏིང་ཟབ་བྱེད་པ། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རུལ་སུངས་ཐོན་རྐྱེན་མཐའ་དག་མཐའ་གཅིག་ཏུ་མེད་པར་བཟོ་དགོས། སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་ལེགས་སུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ་དང་། སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱེད་པ། ནང་མི་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ནན་པོ་དང་ཡག་པོ་བཅས་བྱས་ནས། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་གཏོང་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་ཁུར་ཏེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱེད་པ། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་ཆེད་འགན་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།