འབད་འབུངས་ཡར་བརྩོན་གྱིས་བྱ་གཞག་དོན་གཉེར་བྱེད་དགོས།
“འབད་འབུངས་ཡར་བརྩོན་གྱིས་བྱ་གཞག་སྒྲུབ”ཅེས་པ་ནི་ང་ཚོས་འཚོ་བའི་ནང་རྟག་ཏུ་སྤྱོད་པའི་སྐད་ཆ་ཞིག་ཡིན་པ་དང་། མི་ཡག་པོ་ཞིག་གིས་ལས་དོན་སྒྲུབ་པའི་རྣམ་འགྱུར་མཚོན་གྱི་ཡོད།
ཏང་ཡོན་དང་ལས་བྱེད་པའི་ངོས་ནས་བཤད་ན། “འབད་འབུངས་ཡར་བརྩོན་གྱིས་བྱ་གཞག་སྒྲུབ”ཅེས་པ་དེ་ལས“མགོ་བོ་དུད་ནས་འབྲས་བུ”འཐུ་བར་ཡིད་མི་ཚིམ་པར་རང་འགུལ་ངང་ལས་ཀའི་ཚད་གཞི་མཐོ་རུ་གཏོང་བ་དང་ཡིན་ཤག་ཤག་གི་གོམས་གཤིས་ལས་བསྒྲལ་ཏེ་དམིགས་ཚད་དེ་བས་མཐོ་བའི་ཕྱོགས་སུ་འབད་འབུངས་བྱེད་དགོས་ཀྱི་ཡོད།
མིག་སྔར་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་གཟི་བརྗིད་ཆེ་བའི་འགན་འཁྲི་དང་དཀའ་ཚེགས་ཆེ་བའི་ལས་འགན་ཕྲག་ཐོག་ཏུ་འཁུར་བཞིན་ཡོད་ཅིང་། སྐྲག་དགོས་ཤོས་ནི་ཧུར་སེམས་མེད་པའི་ལས་ཀའི་རྣམ་པ་སྟེ། ཕར་བལྟས་ན་ལས་ཀ་བྱེད་ཀྱི་ཡོད་པ་དང་འདྲ་ཡང་། དོན་དངོས་ཐོག་ཁྲལ་སེལ་སླ་བཅོས་བྱེད་པ་ཙམ་ཡིན་པས་དུས་ཡུན་རིང་པོ་སོང་ཚེ་གོ་སྐབས་ཤོར་བ་དང་རང་འགུལ་མེད་པར་གྱུར་སྲིད།
ས་མཐོར་ལས་སྒྲུབ་ལས་གཏོད་བྱེད་པར་ངེས་པར་དུ་སྙིང་སྟོབས་དང་ཧུར་སེམས་ཡོད་དགོས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་ལས་དོན་ཁྲོད་སྔོན་དཔག་རང་བཞིན་གྱི་ཇུས་འགོད་མང་ཙམ་བྱས་ཏེ། གོ་སྐབས་དམ་འཛིན་དང་རང་འགུལ་ངང་ལས་དོན་སྒྲུབ་པ་དང་། གཏན་ལ་ཕབ་པའི་ལས་ཀའི་དམིགས་ཚད་མདུན་དུ་གཏོར་འཛུགས་མཉམ་སྤེལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆ་རྐྱེན་བསྐྲུན་པ་དང་དགེ་མཚན་གསོག་འཇོག་བྱེད་པ། རང་འགུལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མདུན་དུ་མཆོང་ཕོད་ན། ང་ཚོས་གཞི་ནས་ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་ཐུབ་པ་དང་། འགག་རྩའི་དཀའ་གནད་སེལ་ཐུབ།
ལས་བྱེད་པ་བཟང་པོ་ནི་བདམས་ཏེ་བྱུང་བ་ཞིག་ཡིན་ལ་དེ་བས་ཀྱང་དོ་དམ་བྱས་པ་ལས་བྱུང་བ་ཞིག་རེད། ལས་བྱེད་པས་འབད་འབུངས་ཡར་བརྩོན་གྱིས་བྱ་གཞག་སྒྲུབ་པར་ཁོང་ཚོར་དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་བྱ་རྒྱུ་ནི་གཤོག་ཟུང་དང་འདྲ་བར་གཅིག་ཀྱང་མེད་མི་རུང་སྟེ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་བཞག་ནས་མཆོང་ཕོད་ལ་ཁ་ཕྱོགས་མི་འཛོལ་བ་དང་འགག་སྒྲོལ་བྱེད་པར་སྒྲིག་འགལ་སྲོལ་འགལ་མི་ཡོང་བའི་འགན་ལེན་བྱེད་དགོས། ཐུགས་ཁུར་དང་གཅེས་སྐྱོང་སེམས་གཏིང་དུ་ཟུག་པ་བྱས་ནས་ལས་བྱེད་པས་བློ་བདེ་བག་ཕེབས་ངང་བྱ་གཞག་སྒྲུབ་པར་ལྕག་སྐུལ་བྱེད་དགོས།
འབད་འབུངས་ཡར་བརྩོན་གྱིས་བྱ་གཞག་སྒྲུབ་པ་ནི་རྨོངས་ཚོད་ཀྱིས་ཐལ་སྐྱོད་དང་མཐོ་འདོད་ཆེན་པོ་མིན་པར་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་དང་ཤུགས་བརྒྱབ་ཚེ་འགྲུབ་ཐུབ་པ་ཞིག་དགོས་པ་དང་། དོན་དངོས་དང་ཁ་བྲལ་ནས་ཧོལ་རྒྱུག་བྱེད་པ་དེ་བས་ཀྱང་མིན་པར། གང་ཐུབ་ཅི་ཐུབ་དང་རང་ནུས་གང་ལྕོགས་ཀྱིས་སྒྲུབ་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ་དམིགས་ཚད་མཐོ་པོ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྟེང་དུ་བཞག་ནས་འབད་བརྩོན་ལྷོད་མེད་བྱས་ན་ད་གཟོད་རིན་ཐང་ངོ་མ་ལྡན་པ་ཞིག་རེད།
མཆོངས་ནས་བལྟས་ཚེ་ད་གཟོད་ཧེ་བག་གང་དུ་ཡོད་པ་ཤེས་པ་དང་། ཚོད་ལྟ་བྱས་ཚེ་ད་གཟོད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་ཤེས་ཐུབ། ང་ཚོས་དངོས་སྒྲུབ་དང་དངོས་ཡོད་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བརྗིད་ཆེའི་འཆར་གཞི་བཀོད་གནང་བ་དེ་གངས་ལྗོངས་ས་མཐོའི་གསོན་ཉམས་ལྡན་པའི་ཡུལ་རྣམ་དངོས་སུ་གྱུར་བ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།