ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཡོད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་ལས་བྱེད་པ་རྒན་གྲས་དང་བཞུགས་མོལ་གནང་བ།
ཀུང་ཧུའེ་ཚའེ་ཞུགས་པ།

ཟླ་10ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཡོད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་ལས་བྱེད་པ་རྒན་གྲས་དང་བཞུགས་མོལ་གནང་བཞིན་པ།
ཟླ་10ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཡོད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་ལས་བྱེད་པ་རྒན་གྲས་དང་བཞུགས་མོལ་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་དུས་ཡུན་རིང་པོར་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ཚེ་གང་སེམས་ནུས་འབུལ་མཁན་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། དེ་བཞིན་ཁོང་ཚོའི་ནང་མི་བཅས་ལ་སྨོན་འདུན་བཟང་པོ་ཞུས་པ་རེད། ཁོང་གིས། ཚང་མའི་གཏམ་བཤད་ཉན་རྗེས་ང་ཚོར་སེམས་འགུལ་ཆེན་པོ་དང་སློབ་གསོ་ཟབ་མོ་ཐེབས་བྱུང་ལ། སྐུལ་ལྕག་ཆེན་པོའང་ཐེབས་བྱུང་ཞེས་གསུངས་པ་རེད།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་སྐུལ་འདེད། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བར་སྐུལ་འདེད། བློ་བརྟན་འགྱུར་མེད་ངང་མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ལ་སྐུལ་འདེད། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བར་སྐུལ་འདེད་བཅས་བཏང་བས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། བོད་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཏན་ཏིག་དང་ཞིབ་ཚགས། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བ། དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མུ་མཐུད་འབད་འཐབ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་ལ་འགན་ལེན་བྱས་ནས། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་བོད་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་གཞི་འདིང་མཁན་དང་གསར་འབྱེད་པ་རེད་ལ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་རྒྱུ་ནོར་དང་རྒྱབ་རྟེན་བརྟན་པོ་དེ་བས་རེད། དེས་ན་ཚང་མས་སྔར་རྒྱུན་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་། བསམ་ཤེས། རྒྱབ་སྐྱོར་བཅས་བྱས་ནས་བསམ་འཆར་ཡག་པོ་མང་ཙམ་འདོན་པ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མང་ཙམ་སྤེལ་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐབས་ཇུས་འབུལ་བ་དང་ནུས་ཤུགས་འདོན་རྒྱུའི་རེ་བ་ཡོད། ཚང་མས་རང་ངོས་ཀྱི་དགེ་མཚན་མུ་མཐུད་འདོན་སྤེལ་བྱས་ནས་ལས་བྱེད་པ་དང་མང་ཚོགས་དེ་བས་མང་བར་སྐུལ་ཁྲིད་བྱས་ཏེ་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། འཛུགས་སྐྲུན་ཡག་པོ་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ཀྱི་རེ་བ་ཡོད། ཚང་མས་གཟུགས་པོར་བདག་གཅེས་ཡག་པོ་བྱས་ནས་ནད་མེད་ཚེ་རིང་ཡོང་བའི་རེ་བ་ཡོད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ལས་བྱེད་པ་རྒན་གྲས་ལ་བརྩི་བཀུར་དང་གཅེས་སྐྱོང་བྱེད་པ་ནི་ང་ཚོའི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། དེར་བརྟེན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་དྲིན་ཚོར་གྱི་བསམ་པ་དང་། གུས་སྐྲག་གི་བསམ་པ། གཅེས་སྐྱོང་གི་བསམ་པ་བཅས་འཆང་བཞིན་དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་སེམས་ཁུར། འཚོ་བའི་ཐད་ལྟ་རྟོག བསམ་པའི་ཐད་ལྟ་སྐྱོང་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་པ་རྒན་གྲས་སྒྲིག་འཛུགས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲང་བ་དང་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ་བྱེད་དགོས། སེམས་ནུས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུ་བ་དང་འགན་སྲུང་ཡག་པོ་བྱེད་པ་དང་། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་གནད་སྨིན་བྱེད་པ། སྨན་བཅོས་དང་། རྒན་གསོ། རོགས་སྐྱོར་སོགས་མི་སེམས་དྲོ་བའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལས་བྱེད་པ་རྒན་གྲས་ཀྱི་རེ་ཞུའི་ཐབས་ལམ་ཤར་གཏོང་བྱེད་པ། སེམས་ནུས་ཡོད་རྒུས་དཀའ་ངལ་དངོས་ཐག་གཅོད་བྱེད་པ་བཅས་ལ་བརྟེན་ནས་ལས་བྱེད་པ་རྒན་གྲས་ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱེད་དགོས། རྒས་དུས་ལས་རྒྱུ་ཡོད་པའི་ལས་སྟེགས་བསྐྲུན་ནས་དུས་བཀག་ལྟར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། ལས་བྱེད་པ་རྒན་གྲས་ཀྱི་རྩ་ཆེའི་ཉམས་མྱོང་དང་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་ལ་བརྩི་འཇོག་གང་ལེགས་བྱེད་པ། ཚང་མས་མུ་མཐུད་ནུས་ཤུགས་ལྷག་མ་དང་ཐབས་དང་ཇུས་འདོན་པར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་རྒྱུན་མཐུད་གཅིག་ཏུ་སྒྲིལ་དགོས།
ཀུང་ཧུའེ་ཚའེ་དང་། ཞུས་ཀྲི་ཝུན། ཞུས་ཁྲེང་ཚང་། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།