ཧུའུ་ཁྲང་ཧྲེང་གིས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་རྗེས་འཇུག་བཀོད་སྒྲིག་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གཏིང་ཟབ་གནང་བ།

འདི་ནི་ཧུའུ་ཁྲང་ཧྲེང་གིས་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་གནོད་འཚེ་དང་རྩད་འཚོལ་ལས་དོན་གྱི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འཐབ་ས་དང་པོའི་རོགས་སྐྱོབ་མི་སྣ་དང་རིགས་གཅིག་མཁས་ཅན་ལ་འཚམས་འདྲི་གནང་བཞིན་པ།
ཟླ་9ཚེས་24དང་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་གྲོང་རྡལ་དང་ས་ལེ་ཤང་དུ་ཆུ་རུད་ཀྱི་གནོད་འཚེའི་རྗེས་འཇུག་བཀོད་སྒྲིག་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གཏིང་ཟབ་གནང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས། མཐའ་ཚད་དང་མཐར་ཟད་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྟག་ཏུ་བློ་བཟོད་མི་བདེ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རྗེས་འཇུག་བཀོད་སྒྲིག་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་སླེབས་སྐབས། ཧུའུ་ཁྲང་ཧྲེང་གིས་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་དང་འབྲེལ།གནོད་འཚེ་དང་རྩད་འཚོལ་ལས་དོན་གྱི་འཕེལ་རིམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། འཐབ་ས་དང་པོའི་རོགས་སྐྱོབ་མི་སྣ་དང་རིགས་གཅིག་མཁས་ཅན་ལ་འཚམས་འདྲི་གནང་བ་རེད། ཁོང་གིས། གནོད་འཚེ་ཐོན་རྗེས་ཚང་མས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་པ། ཆེད་ལས་ཀྱི་ལེགས་ཆ་འདོན་པ། སེམས་ནུས་ཡོད་རྒུས་ལས་དོན་ཁག་ནང་ཞུགས་པ་བཅས་བྱས་པས། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ། ཚང་མར་ངེས་པར་དུ་བདེ་འཇགས་འགོག་སྲུང་ཡག་པོ་བྱས་ནས་རང་ངོས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་མངགས་བྱ་ཡང་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས་ད་དུང་སྐྱིད་གྲོང་གི་མཐའ་མཚམས་ཞིབ་བཤེར་ཉེན་རྟོག་པ་དང་སྐྱིད་གྲོང་འགག་སྒོའི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་ནས་འབྲེལ་ཡོད་སྡེ་ཚན་ཁག་གིས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ཐུགས་ཁུར་དང་ལྟ་རྟོག་ཡག་པོ་བྱེད་དགོས་པ་དང་། ཚང་མས་གཟུགས་པོར་བདག་གཅེས་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་མིག་སྔར་གཞི་ཚུགས་ཏེ་ལས་དོན་ཡག་པོ་བསྒྲུབས་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
སྐྱིད་གྲོང་གྲོང་རྡལ་གྱི་ཅང་གྲོང་ཚོ་གསར་པའི་ལམ་རྒྱུད་དུ། ཧུའུ་ཁྲང་ཧྲེང་གིས་གེགས་རྗེས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཚན་རིག་གིས་རིགས་པས་ཁུངས་སྐྱེལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱེད་པ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་ཐུབ་པ་དང་། ལས་ཞུགས་ཐུབ་པ། འབབ་འཕར་ཡོང་བ་བཅས་བྱེད་དགོས། ས་ལེ་ཤང་སེར་ཆུང་གྲོང་ཚོའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ཧུའུ་ཁྲང་ཧྲེང་གིས་རི་བབ་དང་ས་དབྱིབས་ལ་ལྟ་ཞིབ་ཞིབ་ཕྲ་གནང་བ་དང་ཆུ་རུད་ཀྱི་གནོད་འཚེ་ཐོན་རྐྱེན་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། དེང་རབས་ཅན་གྱི་བྱེད་ཐབས་སྤྱད་དེ་འཁྱགས་མཚོ་དང་། རི་ཉིལ་བ། ཆུ་རུད་བཅས་ཐོན་སྲིད་པའི་ས་ཆའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ་དང་། ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱེད་པ། མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ་མང་ཚོགས་ལམ་སེང་ཕྱིར་འཐེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། གནོད་འཚེ་ཕོག་པའི་མང་ཚོགས་མིག་དམར་དང་བསྟན་འཛིན་གྱི་ཁྱིམ་དུ་སྐྱོད་སྐབས་ཧུའུ་ཁྲང་ཧྲེང་གིས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་དང་རྒྱབ་སྐྱོར་འོག་སེམས་ཤུགས་གཅིག་སྒྲིལ་གྱིས་འཚོ་བ་སྔར་བས་ཡག་པོ་སྐྱེལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཧུའུ་ཁྲང་ཧྲེང་གིས་སྐྱིད་གྲོང་རྫོང་གི“8·26”གི་ཆུ་རུད་ཀྱི་གནོད་འཚེའི་རྗེས་འཇུག་བཀོད་སྒྲིག་ལས་དོན་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ཁག་བཀོད་སྒྲིག་གནང་བ་རེད། ཁོང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆུ་རུད་ཀྱི་གནོད་འཚེའི་རྗེས་འཇུག་བཀོད་སྒྲིག་གི་ཕན་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཚན་རིག་དང་མཐུན་ཞིང་བདེ་འཇགས་ཡོང་བ་མཐའ་འཁྱོངས་ཀྱིས་ཆེད་ལས་ཀྱི་ཡོ་བྱད་དང་སྒྲིག་ཆས་བེད་སྤྱོད་གང་ལེགས་བྱས་ཏེ། འབད་བརྩོན་ཆེན་པོས་རྐྱེན་ལམ་དུ་ཤོར་མཁན་དང་འབྲེལ་བ་ཆད་པའི་མི་སྣ་འཚོལ་དགོས། ས་ཡུལ་དངོས་ཀྱི་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གནོད་འཚེ་ཐོན་སའི་ཆར་ཆུ་དང་ཆུའི་གནས་ཚུལ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་ནན་པོ་བྱེད་དགོས། ཁོར་ཡུག་ལ་དུག་སེལ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་མི་དམངས་མང་ཚོགས་གཟུགས་པོ་བདེ་ཐང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས“མི་རེར་ཐབས་ཇུས་རེ་ལག་བསྟར་དང་ཆེད་སྒྲུབ་ཚོགས་ཆུང་རེ་མངགས་པའི”བླང་བྱ་གཞིར་བཟུང་། བྱེད་སྟངས་དང་བྱེད་ཐབས་ལ་སྣང་ཆེན་བྱས་ནས། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། སྲིད་ཇུས་གསལ་འགྲེལ་ཏན་ཏིག་དང་ཞིབ་ཚགས་བྱེད་པ། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས། རོགས་སྐྱོབ་མི་སྣ་བཅས་ལ་སེམས་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གོད་གསབ་རྒུད་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱས་ནས་བརྩེ་བ་ཟབ་མོས་རྗེས་འཇུག་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་མཐའ་འཁྱོངས་དང་དྲ་ཐོག་དང་དྲ་ཕྱིའི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ངང་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་ལེགས་ཆ་དྲིལ་བསྒྲགས་ཤུགས་ཆེན་དང་། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཉེན་སེལ་རོགས་སྐྱོབ་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན། བོད་ཀྱིས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བའི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས། དྲིལ་བསྒྲགས་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་བག་མེད་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་ཁྱད་བསད་བྱེད་པ་དང་། འཁྱགས་མཚོ་དང་འཁྱགས་རོམ་གྱི་ཐོན་ཁུངས་ལ་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། གནོད་འཚེའི་ཉེན་ཁ་ཐོན་སྲིད་པར་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་དཔོག་བྱེད་པ། ཡུལ་རེར་ཇུས་རེ་དང་། ཉེན་ཁ་རེར་ཐབས་ཇུས་རེ། ས་གཤིས་གནོད་འཚེ་ཐོན་ཡུལ་རེར་ཐབས་ཇུས་རེ་དང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་རེ་ཡོད་པ་བྱེད་པ། མང་ཚོགས་སྡོད་ཡུལ་ཚང་མར་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར། གནད་སྨིན་སྔོན་བརྡ་གཏོང་བ། ཚན་རིག་དང་མཐུན་པའི་གནས་སྤོ་ཉེན་སེལ། རྒྱུན་རྣམ་ཅན་གྱི་སྒོ་ནས་དངོས་འཐབ་ནང་སྦྱོང་དང་ཉེན་འགོག་གསོ་སྦྱོང་བཅས་བྱས་ནས། གེགས་འགོག་གེགས་སེལ་དང་རྒུད་སྐྱོབ་བྱེད་ནུས་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་མཐའ་འཁྱོངས་ཀྱིས་སྤྱི་པའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་བཅས་བྱས་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་མ་ཐག་ནས་སེལ་དགོས། གནོད་འཚེ་ཕོག་པའི་མང་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱས་ཏེ། གནོད་འཚེ་ཕོག་རྗེས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཀུང་ཧུའེ་ཚའེ་དང་། རེན་ཝེ། བསྟན་པ། ཀྲུའུ་ཧྲོའུ་ཁོའོ་བཅས་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།