དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-26

    ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དབྱིན་གཡོད་ཕིང་གིས་མཚོ་བོད་ས་མཐོའི་གནས་རིམ་མཐོ་བའི་རྒྱང་ཁྲིད་ས་གཤིས་གནོད་འཚེ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་ལ་སྐུལ་འདེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་གཏོད་དགོས་པ་དང་། ས་མཐོའི་གནོད་འཚེའི་ཁྱད་ཆོས་ལ་གཞི་འཛུགས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲིའི་སྦྲེལ་ཐག་དམ་དུ་གཏོང་བ་བཅས་བྱས་ནས། གོང་འོག་འབྲེལ་མཐུད་དང་། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་བཅོས་སྐྱོང་མ་ལག་འཛུགས་དགོས། འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཀྱི་དམིགས་ཚད་ལས་འགན་དང་རང་འགུལ་ངང་དཔེ་བསྡུར་བྱེད་པ་དང་། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་པ། འགག་རྩའི་ཉམས་ཞན་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་རོལ་གྱི་རིག་སྟོབས་དང་ནང་སྐྱེས་སྒུལ་ཤུགས་གོམ་སྟབས་གཅིག་གྱུར་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་པར་སྐུལ་འདེད་གཏོང་བ། གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཚན་རྩལ་ལ་བརྟེན་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ནུས་ཆེ་རུ་གཏོང་བ། སྲུང་བཅད་སྐྲུན་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ཆེད་འགན་ལེན་བརྟན་པོ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཚད་གཞི་དེ་བས་མཐོ་བའི་སྒོ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གྱི་ལག་ལེན་པ་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་ཡག་པོ་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་དང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་རྒྱུན་མཐུད་འཛུགས་སྐྱོང་བྱས་ནས། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དོན་གཉེར་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། དམངས་འཚོར་ཕན་འདོགས་པ་དང་སྐྱེ་ཁམས་སྲུང་བ། མཐའ་མཚམས་བརྟན་སྲུང་དང་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་ལ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་དམངས་འཚོའི་བདེ་རྩ་དང་བློ་ཕྱོགས་གཏད་མིན་དང་འབྲེལ་བ་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་དང་། བསམ་བློའི་ངོས་འཛིན་གཅིག་གྱུར། འགན་འཁྲི་ནན་གཏོང་། གོང་དཔེ་འོག་སྟོན་བཅས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གནད་སྨིན་ཤུགས་འདོན་གྱིས་བཅོས་སྒྲིག་མཐར་ཕྱིན་དང་རྩ་བ་ནས་བཅོས་སྒྲིག་ཐུབ་པའི་འགན་ལེན་བྱེད་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཅིག་ཤེས་ཀུན་གྲོལ་དང་། གནས་གཅིག་ནས་ཕྱོགས་ཡོངས་ལ་ཁྱབ་པ། ཕུགས་འདེད་རྩ་བཅོས་བཅས་བྱས་ཏེ“དོན་དག་གཅིག་ཐག་གཅོད་པ”ནས“ལས་རིགས་གཅིག་ཚད་ལྡན་དུ་གཏོང་བའི”བར་སྣུར་སྲིང་ཧུར་ཐག་བྱེད་དགོས། དམངས་འཚོའི་བྱ་བ་དངོས་ལ་དམ་འཛིན་ཡག་པོ་བྱས་ནས། དམངས་ཕན་སྲིད་ཇུས་ཇི་མ་ཇི་བཞིན་གཞི་རིམ་དུ་ཁྱབ་ནས་མང་ཚོགས་ལ་ཕན་ཐོགས་པའི་འགན་ལེན་བྱས་ཏེ། ཤེས་ཚོར་ཐུབ་པའི་བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་བསློགས་ཏེ་མང་ཚོགས་ཀྱི་ཁས་ལེན་ཐོབ་པར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།