དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་པ།


  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-24

    ཀྲུང་དབྱང་ནས་གཏན་འབེབས་བྱས་དོན། བློ་མཐུན་ཧུའུ་ཁྲང་ཧྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་རྒྱུ་དང་། བློ་མཐུན་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་བཞེས་རྒྱུ་མིན་པ། 

    ཧའོ་ཅུན་ཧུའེ་ཡིས་ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་གནང་བ། ཝང་ཅུན་ཀྲེང་གིས་གཙོ་སྐྱོང་དང་གསུང་བཤད་གནང་བ། ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གནང་བ།

    ཟླ་9ཚེས་22ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧའོ་ཅུན་ཧུའེ་ཚོགས་འདུར་ཕེབས་ནས་ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་གནང་བ་སྟེ། བློ་མཐུན་ཧུའུ་ཁྲང་ཧྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་རྒྱུ་དང་། བློ་མཐུན་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་བཞེས་རྒྱུ་མིན་པ་རེད།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། ཀུང་ཧུའེ་ཚའེ་བཅས་ཚོགས་འདུར་ཕེབས་པ་རེད།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས་གསུངས་དོན། ད་ཐེངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ལེགས་སྒྲིག་བྱས་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་པ་དང་། ཕྱོགས་ཡོངས་་ནས་བསམ་གཞིག ཞིབ་འཇུག་གཟབ་ནན་བཅས་གནང་ནས་གཏན་འབེབས་བྱས་པ་ཞིག་ཡིན་ཞིང་། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་བོད་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་བཅས་མཚོན་གྱི་ཡོད། ངས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་ཏང་ཀྲུང་དབྱང་གི་ལས་དོན་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། བློ་མཐུན་ཧུའུ་ཁྲང་ཧྲེང་ནི་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་གནང་མཁས་པ། ལས་དོན་ལ་སྐུལ་འདེད་གཏོང་མཁས་པ། འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། སྤྱི་ཡོངས་ལ་ཁ་ལོ་སྒྱུར་བ་དང་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་ནུས་ཆེ་བ། ལས་ཀའི་སྤྱོད་ཚུལ་ཏན་ཏན་ཏིག་ཏིག གཞུང་དྲང་ཚུལ་མཐུན། རང་གཅུན་ནན་པོ། གཞུང་ཞེན་རྣམ་དག་བཅས་ཀྱི་མི་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་མཐུན་ཧུའུ་ཁྲང་ཧྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་རྒྱུར་སྣེ་ཁྲིད་གནང་ཡོད། ང་རང་བོད་དུ་ལས་ཀ་བྱས་ནས་ལོ་ལྔ་སོང་རིང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བློ་མཐུན་ཚོ་དང་མཉམ་དུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གསལ་བཏོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དེ“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་ཞིབ་ཕྲ་ཅན་དུ་སྒྱུར་བ་བཅས་བྱས་ནས་གོམ་པ་རེ་རེ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་བ་ཡིན།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ངས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་རྦད་དེ་བརྩི་བཀུར་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་གི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ལ་ཡིད་ཆེས་དང་བྱམས་སྐྱོང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་དང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལ་གཟིགས་ཞིབ་ཐེངས་གཉིས་གནང་ནས་གསུང་བཤད་གལ་ཆེན་གནང་བ་དང་། བོད་ཀྱི་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བསམ་བློའི་མཛུབ་ཁྲིད་དང་། བྱ་སྤྱོད་ཀྱི་ཕྱོགས་སྟོན། བསམ་པའི་སྟོབས་ཤུགས་ཆེན་པོ་བཅས་མཁོ་འདོན་གནང་ཡོད།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ཏང་ཀྲུང་དབྱང་གིས་ངས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རྒྱུའི་གཏན་འབེབས་བྱས་པས། འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བའི་ཚོར་སྣང་ཟབ་མོ་བྱུང་། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཏེ་གནས་ཚུལ་གང་མགྱོགས་ཤེས་རྟོགས་དང་། གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ། རང་འགན་ནན་སྒྲུབ་དང་གཞུང་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིད་ཆེས་དང་། ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་བཅས་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན། བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་རྒྱུན་སྲིང་ལག་བསྟར་དང་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་གི་ཡིན། བློ་བརྟན་འགྱུར་མེད་ངང་ཡུན་རིང་བདེ་འཁོད་འགན་ལེན་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་ཟབ་ཏུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བཅས་བྱས་ཏེ་བོད་ཀྱི་བརྟན་ལྷིང་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་བདེ་འཇགས་ལ་ཞབས་འདེགས་ཞུ་གི་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ས་མཐོའི་ཁྱད་ལྡན་དང་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། གོ་རིམ་ལྡན་པའི་ངང་ཕྱི་ནང་དུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་གངས་ལྗོངས་ས་མཐོའི་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་སྔོ་ཞིང་དྭངས་བ། ཆུ་བོ་སྔར་བས་དྭངས་བ། ཁོར་ཡུག་སྔར་བས་མཛེས་པ་བཅས་ཡོང་བར་བྱེད་ཀྱི་ཡིན། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སེམས་ནུས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ། རྒན་གསོ། བཅོལ་གསོ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་འཐོབ་པར་བྱེད་ཀྱི་ཡིན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་པོ་དང་ཏན་ཏིག་སྒོ་ནས་ཕྲག་ཏུ་ཁུར་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “སྤྱོད་ཚུལ་བཞི”རྒྱུན་མཐུད་ཡོ་བཅོས་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། ལམ་ལུགས་ཀྱིས་དབང་ཆ་བཅོས་སྒྲིག་དང་གཏན་འབེབས་བཞིན་དབང་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ནས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཅིག་ཧུར་ཐག་གཏོད་ཀྱི་ཡིན།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ངས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་དང་ཚན་ཁག་ཆེན་པོ་བཞིར་བརྟེན་ནས་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་མ་ཟད། མི་རིགས་ཁག་དང་ལས་རིགས་ཁག་དང་། མི་དམངས་ཚོགས་པ། བོད་སྡོད་དཔུང་སྡེ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱར་བ་གྲུ་འདེགས་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་སྐས་རིམ་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།