དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-23

    ཟླ་9ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཉིང་ཁྲི་གྲོང་ཁྱེར་དུ་གཞི་རིམ་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས། མཉམ་སྐྲུན་མཉམ་བཅོས་དང་མཛེས་མཐུན་མཉམ་འདྲེས་མཐའ་འཁྱོངས་བྱས་ཏེ། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་གྲོང་རྡལ་ཁ་ཉག་གྲོང་མི་ས་ཚིགས་སུ། ལིའུ་ཅང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་འབྲེལ། མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། ལས་བརྟེན་བདེ་འཁོད་མཐའ་འཁྱོངས་བྱེད་པ། མང་ཚོགས་ལ་ལས་ཀ་ཡོད་པ་དང་། ཡོང་འབབ་ཡོད་པ། གནས་སྤོ་ཐུབ་པ། གཞིས་ཆགས་ཐུབ་པ་བཅས་བྱས་ནས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    གཞི་རིམ་གྱི་སྤྱི་བདེ་ས་ཚིགས་དང་ཁང་དུ། ལིའུ་ཅང་གིས་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ནས་ལས་ཀའི་འཁོར་རྒྱུག་དང་ཕྱོགས་མིའི་ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གཞི་རིམ་མི་དམངས་ཉེན་རྟོག་པར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་དགོས་པ་དང་། སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་སོགས་ཀྱི་འགན་འཁྲི་དང་ལས་འགན་ཡག་པོ་བསྒྲུབས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཡག་པོ་ཁུར་ཏེ་ལས་ཁུལ་དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ནས་ལས་ཁུལ་གྱི་བདེ་འཇགས་སྒྲིག་ལམ་བརྟན་པོ་དང་གོ་རིམ་ལྡན་པའི་འགན་ལེན་བྱེད་དགོས་པ། བསམ་ཕྱོགས་གསར་གཏོད་ཀྱིས་ཟླ་རེར་ཁེ་ལས་ཀྱི་ལས་མི་དང་ལྷག་པར་དུ་ཕྱི་ཡོང་ལས་མིར་བདེ་འཇགས་སློབ་གསོའི་སློབ་ཚན་ཐེངས་རེ་འཚོགས་ཏེ་ཁོང་ཚོར་རྒྱལ་སྲུང་གི་འདུ་ཤེས་དང་། བདེ་འཇགས་ཀྱི་འདུ་ཤེས། གསང་སྲུང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་སྒྲིག་བཀུར་ཁྲིམས་སྲུང་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ལྕག་སྐུལ་གནང་བ་རེད།

    བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་དུ། ལིའུ་ཅང་གིས་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། སྡེ་ཁུལ་གྱི་ལས་སྣ་མང་ཞིང་རྙོག་འཛིང་ཆེ་བས་སེམས་རྩ་འཁོལ་པོས་ཞབས་འདེགས་ཡག་པོ་ཞུ་བ་དང་། རིག་རྩལ་བྱེད་སྒོ་སྤེལ་བ། ལས་མི་སྤྱོད་པའི་ཆ་འཕྲིན་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་མི་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་དོ་དམ་ཡག་པོ་བྱེད་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། “འགྱུར་མེད་ཀྱི་དམིགས་ཚད”དང“དྲོ་སྐྱིད་ལྡན་པའི་བྱ་བ”ལམ་ལུགས་ནང་འཇུག་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་ཁྲིམས་ལྟར་དོ་དམ་དང་། ཚད་ལྡན་དོ་དམ། རང་བརྟེན་དོ་དམ་བཅས་བྱས་ནས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་མཉམ་འདྲེས་ཀྱི་སྡེ་ཁུལ་ཁོར་ཡུག་ཅིག་གཏོད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།