ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ས་མཐོའི་ཁྱད་ལྡན་བཟོ་ལས་ཅན་གསར་པའི་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད། རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད། འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་སོགས“ལོ་ལྔ་ཚན་བཅོ་ལྔ་པའི”ཆེད་དོན་འཆར་འགོད་ལ་གྲོས་ཞིབ་གནང་བ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཞི་ཆེན་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝུའུ་ཡ་ཕིང་གིས“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་པ། སྲིད་ཇུས་ཀྱི་ཁེ་སྤོགས་ཡག་པོ་སྤྱོད་པ། རྩ་འཛུགས་ཀྱི་འགོ་ཁྲིད་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་ཅན་གྱི་དོ་དམ་དང་གསལ་ཐོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། “དྲ་བ་དྲུག”ཡག་པོ་གཉེར་བ་དང་། ཡག་པོ་འཛུགས་པ། ཡག་པོ་སྤྱོད་པ་བཅས་ལ་སྐུལ་འདེད་གཏོང་དགོས། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་དེ་བཞིན་ཆེད་དོན་འཆར་འགོད་ཁག་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། རྨང་གཞི་འདིང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་རྣམ་གྲངས་ཡག་པོ་ཁག་གཅིག་ཇུས་འགོད་ཞིབ་ཚགས་བྱེད་པ་དང་། སྤྱི་འདོམས་བཀོད་གཏོང་ལ་དམ་འཛིན་ཡག་པོ་བྱེད་པ། ལས་འགོ་སྔ་ཙམ་འཛུགས་པ་དང་འཛུགས་སྐྲུན་སྔ་ཙམ་ཐུབ་པའི་འགན་ལེན་བཅས་བྱས་ནས་དངོས་ཡོད་ལས་འབོར་དེ་བས་ཆེ་བ་གང་མགྱོགས་ཆགས་པར་བྱེད་དགོས། འགན་འཁྲིའི་སྦྲེལ་ཐག་ཁ་གསལ་བཟོ་བ་དང་། འབྲེལ་མཐུད་དམ་ཟབ་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། གཞུང་ཕྱོགས་ནས་མཉམ་འགུལ་དང་འཕྲེད་ཕྱོགས་ནས་མཐུན་སྦྱོར་བྱེད་པ། “དྲ་རྒྱ་དྲུག”གི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྣོན་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་ཡུན་འབྲིང་རིང་གི་འཆར་གཞི་བཟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་རེད། ཆེད་དོན་འཆར་འགོད་ནི་རྒྱལ་ཁབ་ཀྱི་འཆར་འགོད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། རྩེ་རིམ་རྩ་གནད་ཞིབ་ཚགས་སུ་གཏོང་བ་དང་དོན་དུ་འཁྱོལ་བར་བྱེད་པ་ཞིག་རེད། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ། “དོན་ཆེན་བཞིར”རྒྱུན་མཐུད་དང་གཏིང་ཟབ་ཀྱིས་དམ་འཛིན་ཡག་པོ་བྱ་རྒྱུར་དམིགས་པ། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ། ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ། ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཆེད་དོན་འཆར་འགོད་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ཆེད་དོན་འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ་གཅུན་སྡོམ་ནན་པོ་དང་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ལྟ་ཞིབ་དཔྱད་དཔོག་དང་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལག་བསྟར་ནུས་ལྡན་དང་དངོས་སྒྲུབ་གོ་ཆོད་ཡོང་བར་བྱེད་དགོས། སྤྱི་ཡོངས་ཀྱི་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་དང་སྦྲེལ་མཐུད་བྱེད་པའི་ལེ་ལག་ཚང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པ་དང་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཆེད་དོན་འཆར་འགོད་གཞན་དག་གང་མགྱོགས་ཆོག་མཆན་ཞུས་ནས་ལག་བསྟར་བྱས་ཏེ་ཆུ་ཚད་མཐོ་བའི་འཆར་འགོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་དང་སྲིད་གཞུང་གི་ནུས་ཆེའི་འཁོར་སྐྱོད་ཀྱི་དགོས་མཁོར་དམིགས་ནས་རང་ལྗོངས་ཀྱི་སྲིད་དོན་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། གཉེར་སྐྱོང་གི་ལས་ཕྱོད་དང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། གྲངས་འཛིན་ཅན་གྱིས་མཐུན་རྐྱེན་སྦྱར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།