ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཀུང་ཧུའེ་ཚའེ་ཞུགས་པ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

འདི་ནི་ཟངས་རི་རྫོང་འབོད་ཐོས་ཤང་གཞུ་མོ་གྲོང་ཚོར་ཝང་ཅུན་ཀྲེང་གིས་ཡུལ་མི་སྐལ་བཟང་གཡུ་སྒྲོན་གྱི་ཁྱིམ་དུ་ཕེབས་ཏེ་ཐབ་ཚང་ནང་གི་སྒྲིག་ཆས་དང་སྡོད་སའི་ཆ་རྐྱེན་ལ་གཟིགས་པ་མ་ཟད། ད་དུང་ཁྱིམ་ཚང་གི་ཡོང་འབབ་དང་བུ་ཕྲུག་གི་སློབ་གསོ་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་གནང་བཞིན་པ།

འདི་ནི་རྒྱ་ཚ་རྫོང་གི་སྟར་ཁ་ནུས་ཆེའི་འདེབས་གསོ་དཔེ་སྟོན་རྟེན་གཞིར་ཝང་ཅུན་ཀྲེང་གིས་ཞིང་ལས་ཚན་རྩལ་བེད་སྤྱོད་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་9ཚེས་15ནས་17ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། ཟངས་རི་རྫོང་། རྒྱ་ཚ་རྫོང་བཅས་སུ་ཕེབས་ཏེ་གཞི་རིམ་བཅོས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མཐའ་དར་དམངས་ཕྱུག གཞི་རིམ་ཏང་འཛུགས་སྐྱོང་སོགས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་སྣེ་གདོང་ཆུས་སྐར་མ་ཆེ་སྡེ་ཁུལ་དང་ཟངས་རི་རྫོང་ཏང་འཛུགས་སྐྱོང་འགྲེམས་སྟོན་ཁང་དུ་ཕེབས་ནས་སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གཞི་རིམ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་རེད། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་ཁ་ཕྱོགས་གསལ་པོ་བཟོས་ཏེ། སྟོབས་ཤུགས་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་པ་དང་བཅོས་སྐྱོང་གི་མཐའ་མཇུག་བར་དུ་སྣུར་སྲིང་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད། ཟངས་རི་རྫོང་འབོད་ཐོས་ཤང་གཞུ་མོ་གྲོང་ཚོར་ཝང་ཅུན་ཀྲེང་གིས་ཡུལ་མི་སྐལ་བཟང་གཡུ་སྒྲོན་གྱི་ཁྱིམ་དུ་ཕེབས་ཏེ་ཐབ་ཚང་ནང་གི་སྒྲིག་ཆས་དང་སྡོད་སའི་ཆ་རྐྱེན་ལ་གཟིཌ་པ་མ་ཟད། ད་དུང་ཁྱིམ་ཚང་གི་ཡོང་འབབ་དང་བུ་ཕྲུག་གི་སློབ་གསོ་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་གནང་ཞིང་། ཁོང་གིས་དེ་རིང་གི་བདེ་སྐྱིད་འཚོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་རེད་ལ། གངས་ལྗོངས་ས་མཐོར་ཏང་གི་སྲིད་ཇུས་བཟང་པོ་གསོན་ཉམས་དོད་པོས་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་ཀྱང་རེད། ཚང་མས་ཉེ་འཁོར་དུ་བྱུང་བའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་ཁྲོད་ནས་ཏང་གི་བཀའ་དྲིན་ཚོར་བ་བྱེད་དགོས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱང་བྱེད་དགོས་པ་དང་། གཞི་རིམ་གྱི་སྒྲོག་འགྲེལ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ་དང་ཏང་ཀྲུང་དབྱང་གིས་དམངས་ཕན་སྲིད་ཇུས་མང་པོ་གནང་བ་གསལ་པོ་བཤད་དེ། དམངས་སེམས་གཅིག་སྒྲིལ་གྱིས་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད། བོད་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་དུ་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། ཝང་ཅུན་ཀྲེང་གིས་གདན་ས་མཐིལ་དགོན་དུ་ཕེབས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གཏིང་ཟབ་གནང་ཞིང་། ཁོང་གིས་རྒྱུན་རྣམ་ཅན་གྱི“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཏེ། རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། རིག་དངོས་ལ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་དང་ནུས་སྐྱེད་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཝང་ཅུན་ཀྲེང་གིས་རྒྱ་ཚ་རྫོང་ལྷ་གསོལ་ཤང་རྫམ་དམངས་ཕྱུག་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ཏེ་སྨྱུག་བསླས་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། མཉམ་ལས་ཁང་གིས་ཡུལ་མི་17ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་6000ལྷག་ཙམ་ཡོང་བར་སྐུལ་ཁྲིད་བརྟན་པོ་བྱས་ཡོད་ཅེས་གྲོང་ཚོའི་ལས་བྱེད་པའི་ངོ་སྤྲོད་ཐོས་རྗེས་ཝང་ཅུན་ཀྲེང་དགྱེས་ཚོར་ཆེན་པོ་བྱུང་། ཁོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཁྱད་ལྡན་ཐོན་ལས་གཙོ་བོར་བཟུང་སྟེ། རང་ས་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་སྟེ་ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། རྒྱ་ཚ་རྫོང་གི་སྟར་ཁ་ནུས་ཆེའི་འདེབས་གསོ་དཔེ་སྟོན་རྟེན་གཞིར་ཝང་ཅུན་ཀྲེང་གིས་ཞིང་ལས་ཚན་རྩལ་བེད་སྤྱོད་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཁྲོད་ཚན་རྩལ་ཁྱབ་གདལ་དང་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་བ། སོན་བཟང་དང་། གོ་སྐབས་བཟང་པོ། བྱེད་ཐབས་བཟང་པོ་བཅས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཚོས་དེང་རབས་ཞིང་ལས་ལག་རྩལ་ཁོང་དུ་ཆུད་པ་དང་། ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་འགྲོ་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ཡར་གཙང་སྐྱེ་ཁམས་གླིང་དུ་ཝང་ཅུན་ཀྲེང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། བྱེ་འགོག་བྱེ་བཅོས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བཅས་ཀྱི་རྣམ་གྲངས་ལག་ལེན་བསྟར་བའི་ཕན་འབྲས་ལ་ས་ཡུལ་དངོས་སུ་གཟིགས་ཞིབ་གནང་ཞིང་། ཁོང་གིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱེད་པ་དང་། ལུང་གཞུང་སྔོ་འགྱུར་ལས་དོན་ཚན་རིག་དང་མཐུན་པའི་ངང་སྤེལ་བ། སྐྱེ་ཁམས་སྲུང་སྐྱོང་དང་མང་ཚོགས་འབབ་འཕར་མཐུན་སྦྱོར་གཉིས་ཁེ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་། སྐྱེ་ཁམས་སླར་གསོ་དང་ས་གཤིས་གནོད་འཚེ་འགོག་ཟོན་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མ་ཐོན་སྔོན་འགོག་ཧུར་ཐག་བྱེད་དགོས། ས་ཆུ་ཤོར་རིགས་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ་དང་། རི་བོའི་སྔོ་ཁེབས་དང་ས་རྒྱུ་གསོ་འཁྱོངས་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ཀྱི་སྐྱེ་ཁམས་མཉེན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
སྣེ་གདོང་ཆུས་སྡེ་ཁུལ་གྱི་གྲོང་ཁུལ་རྙིང་པའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་སྤེལ་ཡུལ་དུ་ཝང་ཅུན་ཀྲེང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་བསྟར་ཏེ། གྲོང་ཁྱེར་གསར་སྒྱུར་དེ་དམངས་འཚོ་ལེགས་གཏོང་དང་། གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་སྤུས་ཚད་མཐོར་གཏོང་། འཚོ་བ་བདེ་སྐྱིད་བཅས་དང་ཟུང་འབྲེལ་ནུས་ལྡན་བྱས་ནས། གྲོང་ཁྱེར་འཛུགས་སྐྲུན་གྱི་ཞན་ཆ་གནད་ལ་སྨིན་པོས་སེལ་བ་དང་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་མཐོངས་རྒྱུན་མཐུད་ལེགས་སུ་བཏང་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཀའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་འཚོ་བ་སྔར་བས་སྟབས་བདེ་དང་སྐྱིད་སྣང་དོད་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་འཆར་ཉེའི་མཚམས་སུ་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ཆེད་མངགས་གཟིགས་སྐོར་གནང་ཞིང་། ཁོང་གིས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གསར་བརྗེའི་གཏམ་རྒྱུད་དང་དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ཡག་པོ་ཤོད་པ། གསར་བརྗེའི་ས་བོན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བཅས་བྱས་ནས། མཐའ་བརྟན་མཐའ་དར་མཐའ་སྟོབས་གསུམ་དང་དར་རྒྱས་སྲ་བརྟན་གྱི་མེས་རྒྱལ་གྱི་མཐའ་མཚམས་མཉམ་དུ་སྐྲུན་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སྤྲོ་སེམས་འཕེལ་བར་བྱེད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་མིག་སྔར་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དེས་ན་ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་ངེས་གནས་གསལ་པོ་ཤེས་པར་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་མཐུད་བརྟན་དུ་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། དར་རྒྱས་སྲ་བརྟན་གྱི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་ནས་བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།