ཞུས་ཀྲི་ཐའོ་ཡིས་རུ་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ།
ཚེས་15ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དང་རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོར་ཕེབས་ནས། འབྲེལ་གཏུག་ས་ཚིགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་དང་བཅས་པ་གསང་ཡིབ་སྡེ་ཁུལ་གྱི་ལུམས་བཅོས་ཀྱི་ལུས་བདེ་ཤ་རིད་དུ་གཏོང་བའི་རྣམ་གྲངས་ས་ཚིགས་དང་། འོད་པ་གྲོང་ཚོའི་ཇ་རྟའི་གནའ་ལམ་གྱི་གསར་བརྗེའི་འགྲེམས་སྟོན་ཁང་། གར་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དང་དགའ་སྤྲོ་སྤྲོ་སྒར་རྒྱག་རྟེན་གཞི་བཅས་ལ་སྔ་རྗེས་སུ་ཕེབས་ནས་རྣམ་གྲངས་གཉེར་སྐྱོང་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་། མང་ཚོགས་ཀྱི་ཡོང་འབབ་གནས་ཚུལ་བཅས་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་། གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོ། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཆར་འགོད། དེ་བཞིན་མིག་སྔའི་ལས་དོན་ཐད་ཀྱི་དཀའ་ཁག་བཅས་མཁྱེན་རྟོགས་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས་ལུམས་བཅོས་དང་ཇ་རྟའི་གནའ་ལམ་གྱི་གསར་བརྗེའི་རིག་གནས་སོགས་ཁྱད་ལྡན་ནང་དོན་སྔོག་འདོན་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་དབྱེ་འབྱེད་ཐུབ་པའི་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་གཏོད་དགོས། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་དང་རྒྱུན་རྣམ་ཅན་གྱིས་རིག་གནས་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་འཐབ་སའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་མང་ཚོགས་དེའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་གང་ལེགས་འཕེལ་བར་བྱེད་དགོས། སྲུང་སྐྱོང་སྔོན་འཇོག་མཐའ་འཁྱོངས་བྱས་ཏེ། རིག་གནས་རྒྱུན་འཛིན་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས་བཅས་སྤྱི་འདོམས་ཡག་པོ་བྱེད་པ་དང་གཞི་རིམ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།