དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བྱང་ཐང་དྲན་ཤེས་ཡི་གེའི་ལམ་དུ་བཀོད། རང་འགན་གཙང་སྒྲུབ་ས་མཐོའི་འཕེལ་རྒྱས་བསྲུངས།

    ​—— རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ནག་ཆུ་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཆ་ཁང་གི་དེ་སྔའི་ཀྲུའུ་རེན་ཀརྨ་ཀུན་ཁྱབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-17

    ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ལས་གནས་ཐོག་ཀརྨ་ཀུན་ཁྱབ་ཀྱིས་ལོ་10ལྷག་ཙམ་ལེགས་སྐྱེས་ཕུལ་ཡོད། བབ་ཆགས་ཤིང་སློབ་ལ་བརྩོན་པ་དང་ལོ་ཡི་འཁོར་མོ་ཡིག་རིགས་དང་ལོ་རྒྱུས་དཔྱད་གཞི་དང་འགྲོགས་པའི་བྱང་ཐང་གི་ལས་བྱེད་པ་དེས་མི་ཚེའི་ཁྲོད་ཆེས་རྩ་ཆེ་ཤོས་ཀྱི་ལང་ཚོ་བྱང་ཐང་གི་རིག་གནས་ལོ་རྒྱུས་བྱ་གཞག་ཐོག་སྐྱེས་སུ་ཕུལ་ཡོད། ཤུལ་ལུས་ལེགས་སྒྲིག་དང་ལོ་རྒྱུས་ཡིག་ཆ་མྱུར་སྐྱོབ་ནས་དཔེ་དེབ་རྩོམ་པ་དང་གཞུང་ལུགས་ཀྱི་སྲོལ་འབྱེད་པ་དང་ཐབས་འདོན་ཇུས་འབུལ་བར་ཁོང་གིས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་ཐོག་ནས་བྱང་ཐང་ས་གཞི་ཆེ་མོའི་ལོ་རྒྱུས་ཀྱི་གཞི་རྩ་སྲུང་སྐྱོང་བྱེད་ཞོར་ས་མཐོའི་འཕེལ་རྒྱས་ལ་འབོད་སྐུལ་བྱས་ནས་ཡི་གེ་དང་དངོས་སྒྲུབ་ཀྱི་བྱ་སྤྱོད་ཁྲོད་གཞི་རིམ་གྱི་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་ཞིག་གི་འགན་འཁྲི་ཕྲག་ཏུ་འཁུར།

    ལོ་10ལྷག་ཙམ་རིང་ཁོང་གིས་སེམས་ནུས་ཡོད་རྒུས་སྒྲུབ་པའི་ལས་དོན་ནི་ཁོང་གིས་སྣེ་ཁྲིད་ནས་རྩོམ་སྒྲིག་བྱས་པའི《བྱང་ཐང་། ངོ་མཚར་ལྡན་པའི་སྣོད་བཅུད》ཅེས་པའི་མུ་འབྲེལ་དཔེ་ཚོགས་དག་རེད། དཔེ་ཚོགས་དེའི་ནང《ས་མཐོའི་སྐྱེ་ཁམས》དང་། 《བྱང་འབྲོག་ལོ་རྒྱུས》 《སྐད་དང་ཡི་གེ》 《གནམ་རིག་སྐར་རྩིས》 《བོད་ལུགས་གསོ་རིག》སོགས་དེབ་མང་པོ་ཡོད་པ་དང་རྒྱ་བོད་ཤན་སྦྱར་དང་རིས་ཡིག་ཕན་ཚུན་ར་སྤྲོད་བྱེད་པའི་རྣམ་པ་སྤྱད་དེ་ནག་ཆུའི་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་རྣམ་པ་ཇི་མ་ཇི་བཞིན་མངོན་པར་བྱས་ཡོད། དཔེ་ཚོགས་དེ་དུས་ཡུན་ལོ་5འགོར་རྗེས་གཞི་ནས་ལེགས་འགྲུབ་བྱུང་བ་རེད། དཔེ་ཚོགས་དེ་ལས་ལོ་རྒྱུས་དང་དོན་དངོས་ལ་གཞི་ཚུགས་ཏེ་ཚིག་སྦྱོར་ལེགས་པ་དང་། ནང་དོན་དོན་དངོས་དང་མཐུན་པ། ཆ་ཚང་བ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་བྱང་འབྲོག་གི་འཕེལ་རྒྱས་འགྲོ་ཚུལ་སླར་ཡང་མངོན་པར་བྱས་ཡོད། ལས་ཀ་དེ་སྒྲུབ་སྐབས་ཀྱི་དཀའ་ངལ་སྐོར་གླེང་སྐབས། ཁོང་གིས་དཔེ་དེབ་ཅིག་བདེ་བླག་ངང་དཔེ་སྐྲུན་ཐུབ་ཚེ་དཀའ་ངལ་མཐའ་དག་ཁྱད་བསད་བྱེད་རིན་ཡོད་པ་ཞིག་རེད། ལས་ཀ་འདི་ཕུན་སུམ་ཚོགས་ལ་དོན་སྙིང་ཡང་ཆེན་པོ་ལྡན་པ་ཞིག་རེད”ཅེས་བཤད།

    རྩོམ་རིག་གི་རྨང་གཞི་བཟང་པོ་དང་རིག་གནས་ལོ་རྒྱུས་ལས་ཀའི་གྲུབ་འབྲས་ཁྱད་འཕགས་ལ་བརྟེན་ནས་ཀརྨ་ཀུན་ཁྱབ་རང་སྐྱོང་ལྗོངས་རིག་རྩལ་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ལ་བདམས་པ་རེད། ཐོབ་ཐང་གི་འགྱུར་ལྡོག་ལས་ཁོང་གི་མཐོང་རྒྱ་དེ་བས་ཆེ་རུ་ཕྱིན་པ་དང་ཕྲག་ཐོག་གི་འགན་འཁྲི་ཡང་དེ་བས་ལྕི་རུ་ཕྱིན་ཡོད། འགན་འཁྲི་བསྒྲུབས་རིང་། ཀརྨ་ཀུན་ཁྱབ་ཀྱིས་རིམ་རྩིས་བརྒྱབ་ན་གྲོས་གཞི་37དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་ཆ་འཕྲིན་5ཕུལ་བའི་ནང་ནས་གྲོས་གཞི་མང་པོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ས་གནས་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

    རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་རྙིང་པ་ནས་གཞི་རིམ་གྱི་འཐབ་ས་དང་པོར་བརྟག་ཞིབ་བྱེད་པར་སྐྱོད་པའི་བར་དང་ཁ་ཐོར་དུ་སོང་བའི་བྱང་ཐང་གི་དྲན་ཤེས་མྱུར་སྐྱོབ་བྱེད་པ་ནས་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བའི་བར་ཀརྨ་ཀུན་ཁྱབ་ཀྱིས་སྨྱུག་ཤོག་དང་བྱ་སྤྱོད་ལ་བརྟེན་ནས་གཞི་རིམ་གྱི་རིག་གནས་ལོ་རྒྱུས་ལས་དོན་པ་དང་སྲིད་གྲོས་ཨུ་ཡོན་ཞིག་གི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།

    ད་ཆ་ཁོང་གིས་སྔར་བཞིན་རང་འགན་གཙང་སྒྲུབ་བྱེད་པའི་ལམ་བར་དུ་གྲོས་གཞི་རེ་རེ་དང་དཔེ་དེབ་རེ་རེ་ལ་བརྟེན་ནས་ས་མཐོའི་སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་ལ་མུ་མཐུད་སྲུང་སྐྱོང་བྱེད་བཞིན་མཆིས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།