མཐའ་མཚམས་ཁུལ་དུ་ཏང་དར་ལྷབ་ལྷུབ་གཡོ། རྨང་བརྟན་ལས་དར་འཆར་གཞི་གསར་པ་བཀོད།
—— མངའ་རིས་ས་ཁུལ་སྒར་རྫོང་གིས་མཐའ་མཚམས་ས་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་སྐོར་གྱི་སྒྲིལ་གླེང་།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྒར་རྫོང་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། “མཉམ་ལྔ་བརྟན་ལྔའི”དམག་དཔུང་དང་ས་གནས་མཉམ་སྐྲུན་དམ་འཛིན་བྱ་གཞིར་བྱས་ནས། མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་དེ་ས་སྲུང་མཐའ་བརྟན་དང་གྲོང་གསེབ་དར་རྒྱས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མེས་རྒྱལ་གྱི་ལྷོ་ནུབ་བདེ་འཇགས་སྲུང་བཅད་ཀྱི་རྨང་གཞི་བརྟན་དུ་བཏང་བ་མ་ཟད། སྒུལ་ཤུགས་ཀྱང་བསྣན་ཡོད།
རྩ་འཛུཌ་སྟོབས་དང་ལྡན། རྩ་བ་བརྟན་པོར་ཚུགས།
“མཉམ་ལྔ་བརྟན་ལྔ”དམ་འཛིན་ཏན་ཏིག་བྱས་ནས་དམག་དཔུང་དང་ས་གནས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཞིང་། 《སྒར་རྫོང་བཀྲ་ཤིས་སྒང་གྲོང་རྡལ་གྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་དུ་གཏོང་བའི་ལམ་སྲོལ》གསེད་བཀྲོལ་བྱས་ནས་བཟོས་པ་དང་། “ཕྱོགས་གཉིས་ཀར་སྐྱོད་པ་དང་། བརྗེ་རེས་ཀྱི་འགན་འཁུར་བ”ཁྱབ་གདལ་བཏང་བ་དང་། མཐའ་མཚམས་ཀྱི་སྣེ་ཤན་པ་དང་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ་17ཕན་ཚུན་མངགས་གཏོང་བྱས་པ། མཐའ་མཚམས་གྲོང་ཚོ་5དང་བཅའ་སྡོད་དཔུང་སྡེར“སྒྲིག་འཛུགས་མཉམ་སྐྲུན་དང་། ཏང་གི་སློབ་ཚན་མཉམ་ཁྲིད། མཐའ་མཚམས་སྐོར་གཡེང་མཉམ་སྐྱོད། དམངས་འཚོ་མཉམ་རོགས”བཅས་མངོན་འགྱུར་བྱུང་ཡོད་པ་རེད།
དེ་དང་ཆབས་ཅིག་རྫོང་རིམ་པའི་ལས་བྱེད་པས་ས་མཐའི་གྲོང་ཚོའི་ཟུར་བཙུགས་རྩིས་ཁྲའི་འགན་འཁུར་ནས། ལོ་ལྟར་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་རྫོང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་མཐའ་མཚམས་གྲོང་ཚོར་བསྡད་དེ་བརྟག་ཞིབ་ལ་ཐེངས་མང་བསྐྱོད་དེ་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བྱས་ཡོད།
“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་བཏང་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་གྱུར་ཚད་100%ཟིན་ཡོད་པ་རེད།
“རྫོང་ཨུད་དང་། ཤང(གྲོང་རྡལ)ཏང་ཨུད། མཐའ་མཚམས་གྲོང་ཚོའི་ཏང་རྩ་འཛུགས། ས་མཐའི་དྲ་མིག་ཚོགས་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་རིམ་ལྔའི་རྩ་འཛུགས་ཀྱི་སྦྲེལ་ཐག་བཏོད་དེ་ས་མཐའི་དྲ་མིག་8ལ་དབྱེ་བ་དང་། ཆེད་འགན་གཅིག་ལྕོགས་འཁུར་མཁན་དྲ་མིག་དཔོན་དང་དུད་སྦྲེལ་ཐེམ་དཔོན་150བཀོད་སྒྲིག་བྱས་ཡོད། “དྲ་མིག་མཉམ་སྒྲུབ་དང་། ཀྲི་པུའུ་དོན་གྲོས། ཏང་ཡོན་ལས་སྒྲུབ”བཅས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་2025ལོ་ནས་བཟུང་ས་ཆ་དེ་རང་དུ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་33བསལ་ནས“དོན་ཆེན་ཤང་ནས་ཐག་གཅོད་བྱེད་པ་དང་དོན་ཆུང་ཚད་ལས་མི་བརྒལ་བ”མངོན་འགྱུར་བྱུང་ཡོད།
ཐོན་ལས་དར་ཞིང་རྒྱས། སྲུང་བཅད་བརྟན་དུ་ཕྱིན།
ཉེ་བའི་ལོ་ཤས་རིང་སྒར་རྫོང་གིས་ཏང་རྩ་འཛུགས་དང་། མཉམ་ལས་ཁང་། ཞིང་འབྲོག་པ་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མི་རིགས་ལག་ཤེས་བསླས་འཐག་དང་། རྩམ་པ་ལས་སྣོན། ལས་གྲྭའི་འཕྲུལ་ཆས་བོགས་གཏོང་སོགས་ཆེད་ལས་མཉམ་ལས་ཁང་6གཉེར་རྒྱུར་སྣེ་ཁྲིད་བྱས་པ་དང་། མཐའ་མཚམས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང་1100ལྷག་ཙམ་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱས་པས། “དུད་ཚང་ཚང་མར་མ་རྐང་ཡོད་པ་དང་མི་ཚང་མར་ཁེ་སྤོགས་བགོ་རྒྱུ་ཡོད་པ”བྱུང་ཡོད། 2025ལོར་སོག་སྟོད་གྲོང་ཚོའི་གསེར་གཡག་མཉམ་ལས་ཁང་གིས་བྱེ་རྡོ་ལས་སྣོན་དང་ཚོང་ལས་ཐོག་ཁང་བོགས་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཡོང་འབབ་སྒོར་ཁྲི་446བྱུང་ནས་མཉམ་སྡེབ་དཔལ་འབྱོར་གྱི་རང་བརྟེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་རྫོང་ཡོངས་ཀྱིས་ས་བླུག་འཕྲུལ་འཁོར་གཏོང་མཁན་དང་། བོད་བྱ་གསོ་ཚགས། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་སོགས་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་དུས་ཐེངས་15སྒྲིག་འཛུགས་བྱས་པ་དང་། མཐའ་མཚམས་མང་ཚོགས་2000ལྷག་ཙམ་ཐག་ཉེ་ས་དང་རང་སར་ལས་ཞུགས་ཐུབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་སྟེ“མཐའ་མཚམས་སུ་བདེ་སྡོད་དང་། མཐའ་མཚམས་སུ་འབྱོར་ཕྱུག མཐའ་མཚམས་སུ་གཞི་ཚུགས་ཐུབ་པ”བཅས་དངོས་འབྲེལ་བྱུང་ཡོད།
སྙིང་སྟོབས་རབ་ཏུ་འཕེལ། མཉམ་ཤུགས་གཅིག་ཏུ་བསྒྲིལ།
སྒར་རྫོང་གི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རྫོང་ཨུད་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཡུལ་དམག་རྒན་གྲས་དང་། མཐའ་སྲུང་བ་རྒན་གྲས། ཏང་ཡོན་རྒན་གྲས་བཅས་ལ་འཚམས་འདྲི་བྱས་ནས་དེ་སྔའི་ལོ་རྒྱུས་མྱུར་སྐྱོབ་རང་བཞིན་གྱི་སྒོ་ནས་སྔོག་འདོན་བྱས་པ་དང་། པདྨ་ཨུ་རྒྱན་གཅིག་པུས་ཀླུ་དམར་ཟམ་ཆེན་བསྲུངས་བ་དང་། ཀརྨ་ཚེ་རིང་གིས་ལོ་25ཡི་རིང་མཐའ་སྲུང་སྐོར་ཞིབ་བྱས་པ། བློ་སྟོབས་མི་ཉམས་པའི་དབང་པོ་སྐྱོན་ཅན་ཉི་སྐྱིད་ཀྱིས་ཡུལ་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་སོགས་ཀྱི་སྔོན་ཐོན་བྱས་རྗེས་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་བྱས་ཏེ་ཏང་གཤིས་ཞུན་བརྡར་ལ་གསོན་ཉམས་དོད་པའི་བསླབ་གཞི་མཁོ་འདོན་བྱས་ཡོད་པ་རེད།
གསར་བརྗེའི་ལམ་ཐིག་བཏོད་ཅིང་། གསར་བརྗེའི་ལམ་ཐིག་དང་གསར་བརྗེའི་གཡུལ་སར་བརྟེན་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་གསར་བརྗེའི་སློབ་གསོ་སྤེལ་ཡོད། 2026ལོ་ནས་བཟུང“མཐའ་མཚམས་ལམ་བུར་བསྐྱར་སྐྱོད”དང“མཐའ་མཚམས་ཀྱི་ལམ་ཐིག་ནས་ཐོག་མའི་བསམ་འདུན་དྲན་པ”སོགས་ཀྱི་སློབ་གསོའི་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བ་དང་ཏང་ཡོན་1000ལྷག་ཙམ་གྱིས་སློབ་གསོའི་ཁྲོད་ཐོག་མའི་བསམ་འདུན་ཞུན་བརྡར་དང་རང་ངོས་འཕེལ་རྒྱས་བཏང་ཡོད། “འཆད་འགྲེལ་པ་ཆུང་ཆུང”དང“སློབ་གྲྭར་གསར་བརྗེའི་སྒྲུང་གཏམ་ཤོད་པའི”བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་མཐའ་སྲུང་གི་བརྩེ་སེམས་ཟབ་ཏུ་བཏང་བ་དང་། “རྟ་ཐོག་སྒྲོག་འགྲེལ་ཚོགས་པ”དང“གུར་ནང་གི་གསར་བརྗེའི་མཚན་མོའི་སློབ་གྲྭ”བཙུགས་ནས་ཏང་གི་སྲིད་ཇུས་དང་གསར་བརྗེའི་གཏམ་རྒྱུད་མཐའ་མཚམས་འབྲོག་ར་དང་། ལས་སྒྲུབ་ས་ཚིགས། འབྲོག་པའི་གུར་བཅས་སུ་དྲིལ་བསྒྲགས་བྱས་པ་རེད། 2025ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་210ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་8000ལྷག་ཙམ་ལ་ཁྱབ་ཡོད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སྒར་རྫོང་གིས་མཐའ་མཚམས་ས་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་དེ་བས་སྲ་ཞིང་བརྟན་པའི་རྩ་འཛུགས་དང་། དེ་བས་དར་རྒྱས་ཆེ་བའི་ཐོན་ལས། དེ་བས་ཟབ་པའི་མཐུན་སྒྲིལ་བཅས་ལ་བརྟེན་ཏེ་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་བཅད་བརྟན་དུ་བཏང་ནས་མཐའ་དར་དམངས་ཕྱུག་གི་བརྗིད་ཆེའི་འཆར་གཞི་ཞིག་འགོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།