རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྐྱིད་གྲོང་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ་གནོད་འཚེ་ཕོག་པའི་དམངས་སྲིད་ཀྱི་ཞབས་ཞུ་སྒྲུབ་ཡུལ་ལ་འཚམས་འདྲི་གནང་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི“8·26””ཆུ་རུད་ཀྱི་གནོད་འཚེའི་རྗེས་མཐུད་བཀོད་སྒྲིག་འགན་ལེན་ལས་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བསྟན་འཛིན་གྱིས་སྐྱིད་གྲོང་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ། བཀོད་སྒྲིག་ས་ཚིགས་ཀྱི་གནོད་འཚེ་ཕོག་པའི་དམངས་སྲིད་ཞབས་ཞུ་སྒྲུབ་ཡུལ་ལ་འཚམས་འདྲི་གནང་བ་དང་གེགས་རྗེས་ཀྱི་དམངས་འཚོ་འགན་ལེན་དང་། རོགས་སྐྱོར་རོགས་སྐྱོབ། རྗེས་མཐུད་བཀོད་སྒྲིག་བཅས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།
འཚམས་འདྲི་བྱ་ཡུལ་དུ་ཕུན་ཚོགས་བསྟན་འཛིན་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཚང་མའི་འཚོ་བ་དང་། དངོས་ཟོག་འགན་ལེན། གཟུགས་པོའི་གནས་ཚུལ་བཅས་དང་དེ་བཞིན་དཀའ་ངལ་དངོས་སོགས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། མང་ཚོགས་ལ་ངང་རྒྱུད་རིང་པོས་སེམས་གསོ་བཏང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བ་མ་ཟད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་འགག་སྒྲོལ་ཧུར་ཐག་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་ཐུབ་པར་གདེང་ཚོད་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
བརྟག་ཞིབ་གནང་རིང་། ཕུན་ཚོགས་བསྟན་འཛིན་གྱིས་དམངས་སྲིད་གེགས་སེལ་དང་། གནས་སྐབས་རོགས་སྐྱོབ། ཐ་སྐྱོང་འགན་ལེན་སོགས་ཀྱི་ལས་དོན་སྙན་སེང་གསན་རྗེས་ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་མ་མཐའི་འཚོ་བ་འགན་ལེན་དང་། དཀའ་ངལ་ཡོད་པའི་མང་ཚོགས། དབང་པོ་སྐྱོན་ཅན་སོགས་གཙོ་གནད་དམངས་སྲིད་ཀྱི་ཞབས་ཞུ་སྒྲུབ་ཡུལ་ལ་དམིགས་ཏེ་གནོད་འཚེ་ཕོག་ཚུལ་གནད་སྨིན་གྲལ་བཤེར་དང་། གཏན་འབེབས་གཞིར་བཟུང་རོགས་སྐྱོབ་དངོས་ཟོག་སྤྲོད་པ། འཚོ་བའི་འགན་ལེན་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།