ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་དགེ་རྒན་ལ་གཟིཌ་པར་ཕེབས་ནས་འཚམས་འདྲི་གནང་བ་དང་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ།
ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཨང་42པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་དགེ་རྒན་ལ་གཟིགས་པར་ཕེབས་ནས་འཚམས་འདྲི་གནང་བ་དང་འབྲེལ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཅས་བཏང་སྟེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་མིག་མངས་སློབ་ཚན་རྟག་པར་འཚོག་གི་ཡོད།
ཀརྨ་ཚེ་བརྟན་གྱིས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་མིག་མངས་ཁང་དུ་ཕེབས་ཏེ་ཕྲུ་གུ་ཚོས་མིག་མངས་རྩེ་བར་གཟིགས་ཤིང་། ཁོང་གིས་དགའ་ཕྱོགས་ནི་དགེ་རྒན་ཡག་ཤོས་དེ་རེད། དོན་དངོས་ལ་གཞི་ཚུགས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་ཁྲིད་ཁྲོད་མཉམ་འདྲེས་དང་། ལག་ལེན་ཁྲོད་སློབ་མའི་ཤེས་རིག་འཕེལ་བ་དང་ཀུན་སྤྱོད་ལ་ཞུན་བརྡར་ཐེབས་པ། ཁོང་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་རོགས་རམ་བཅས་བྱས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།
ལྷ་ས་དགེ་འོས་སློབ་གླིང་ནི་རང་ལྗོངས་ཀྱི་དགེ་འོས་སློབ་གླིང་འབའ་ཞིག་དེ་རེད། ཀརྨ་ཚེ་བརྟན་གྱིས་སློབ་གྲྭའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཁྱད་ལྡན་ཚན་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བོད་ཀྱི་སྲོལ་རྒྱུན་རྡེལ་རྩིས་རྒྱག་རྩལ་གྱི་ཁྲིད་སྦྱོང་རྟེན་གཞིར་དགེ་སློབ་ཚོ་དང་སྤེལ་རེས་གནང་ཞིང་། ཁོང་གིས་དུས་རབས་ཀྱི་འཕེལ་ཕྱོགས་དང་། བོད་ཀྱི་དོན་དངོས་ཀྱི་དགོས་མཁོ། སློབ་གྲྭའི་སློབ་གཉེར་གྱི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ཏེ་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་དང་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་སློབ་མར་ཤེས་བྱ་གསར་ཤོས་སློབ་སྦྱོང་བྱེད་ཐུབ་ལ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས་པའི་ཁྲིད་སྟོན་ཡང་བྱེད་དགོས་ཞེས་བསྟན་གནང་བ་རེད།
བརྟག་ཞིབ་གནང་རིང་། ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་ལ་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཁོང་གིས་སླད་ཕྱིན་རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་ཆེད་དུ་མི་བཟང་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་བཟང་སྐྱོང་བའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་སྒེར་གྱི་ཕུགས་འདུན་དང་རང་འཁྲིའི་ལས་ཀ་དེ་མེས་རྒྱལ་འཕེལ་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སེམས་རྣལ་ལ་ཕབ་ནས་སློབ་ཁྲིད་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་བཟང་གསོ་སྐྱོང་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་དང་། ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་འཛུགས་པ་དང་། བླ་ན་མེད་པའི་དགེ་རྒན་གྱི་སྲོལ་བཟང་སྐྱོང་བ། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་པ་དང་ཡོན་ཏན་ངོ་མ་དང་ཉམས་སད་ཐེག་པའི་འཇོན་ཐང་ལ་བརྟེན་ནས་སློབ་མའི་འཚར་ལོངས་ཀྱི་ལམ་སྣེ་འདྲེན་མཁན་ཡག་པོ་ཞིག་བྱ་རྒྱུའི་རེ་བ་ཡོད། རིམ་ཁག་སྡེ་ཚན་ཁག་གིས་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གཉེར་གྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། དགེ་རྒན་གྱི་ལས་ཀ་དང་འཚོ་བའི་དཀའ་གནད་ཧུར་ཐག་སེལ་བ། དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།