དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

    ​ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-12


    ཟླ་9ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་དུ་མི་རིགས་མཐུན་སྒྲིལ་འཛུགས་གཏོད་དང་གྲོང་མིའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ● བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས།

    ཟླ་9ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་ནི་ལྗོངས་ཡོངས་ཀྱི་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་དང་པོ་དེ་ཡིན་ཞིང་། ལོ་རྒྱུས་ཁང་དེས་མི་རིགས་ཁག་གི་མང་ཚོགས་ས་མཐོར་གཞི་ཚུགས་པ་དང་ཁྱིམ་གཞིས་མཉམ་སྐྲུན་གྱི་འབད་འཐབ་ལོ་རྒྱུས་གསོན་ཉམས་དོད་པོས་བསྐྱར་མཚོན་བྱས་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་དང་གྲོང་མིའི་ལས་དོན་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྡེ་ཁུལ་དེར་མི་རིགས་མི་འདྲ་བ་22མཉམ་དུ་འཚོ་སྡོད་བྱེད་པ་དང་ཚང་མ་འཆམ་མཐུན་མཉམ་གནས་ངང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་པའི་གནས་ཚུལ་གསན་སྐབས། ཝང་ཅུན་ཀྲེང་གིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་རིགས་ནི་ཕན་ཚུན་ལྟ་སྐྱོང་བྱེད་པའི་ཁྱིམ་ཚང་ཆེན་པོ་ཞིག་རེད། ཁྱེད་ཚོའི་སྡེ་ཁུལ་འདི་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཚོན་ཚུལ་དངོས་ཤིག་ཡིན་པ་དང་། མི་རིགས་ཁག་གཅེན་གཅུང་མིང་སྲིང་དང་འདྲ་བར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་བརྩེ་དུང་ཇེ་ཟབ་ཏུ་ཕྱིན་ཡོད་ལ། སྤྱི་ཚོགས་ཀྱང་དེ་བས་བརྟན་ལྷིང་དུ་གྱུར་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“སེ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་དགོས”ཞེས་པའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ནང་བརྟན་པོར་ངེས་པ་དང་ཁྲག་རྒྱུན་ནང་འདྲེས་པར་བྱས་ཏེ། མི་རིགས་ཁག་གི་ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྐྱིད་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། འཆམ་མཐུན་མཉམ་གནས་དང་ཕན་ཚུན་ལྟ་སྐྱོང་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྒྱུན་བཞད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཉ་རོང་ཤག་གནའ་བོའི་སྒོ་ར་ཆེན་པོ་སྲུང་སྐྱོང་དང་ཉམས་གསོའི་བརྒྱུད་རིམ་ནང་སྔར་ཡོད་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་གསོན་ཤུགས་གསར་པ་རྒྱས་པ་དེ་ནི་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཝང་ཅུན་ཀྲེང་གིས་གནའ་བོའི་སྒོ་ར་རྙིང་པའི་རིག་དངོས་སྲུང་སྐྱོང་ཉམས་གསོའི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པར་སྣང་ཆེན་བྱེད་པ། “སྔར་ལྟར་ཉམས་གསོ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཕྱོགས་ཡོངས་ནས་སྔོག་འདོན་བྱེད་པ། ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་དང་། རྣམ་པ་ཆ་ཚང་བའི་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་སོར་འཇོག་གང་ཐུབ་བྱེད་དགོས། ཁུལ་ཆུང་རྙིང་པ་བཅོས་སྒྲིག་དང་སྒྱུར་བཀོད་བྱེད་པ་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རིམ་སྤོར་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་གྲོང་ཁྱེར་གྱི་ཞབས་ཞུའི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་དང་རྣམ་པའི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་བཏང་ནས་གནའ་གྲོང་ལ་ལོ་ངོ་སྟོང་གི་ཉམས་འགྱུར་ལྡན་ལ་དེང་རབས་ཀྱི་ཉམས་འགྱུར་ཡང་ལྡན་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཀུན་བདེ་གླིང་དགོན་དུ་ཝང་ཅུན་ཀྲེང་གིས་དགེ་འདུན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་དགོན་སྡེའི་ལོ་རྒྱུས་དང“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་སོགས་ནན་ཏན་ངང་གསན་ཞིང་། ཁོང་གིས་སློབ་གསོའི་གཞི་རྟེན་གསར་གཏོད་བྱེད་པ་དང་། སློབ་གསོའི་ལས་སྟེགས་རྒྱ་ཆེར་གཏོང་བ། སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཕྱོགས་སྡོམ་དང་ཟབ་ཏུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་སྤེལ་ནས་གྲྭ་བཙུན་གྱིས་རང་ངོས་སློབ་གསོ་གཏོང་བ་དང་། རང་ངོས་དོ་དམ་བྱེད་པ། རང་གཅུན་རང་འདོམས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཀྱི་ཚན་རིག་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་རྩ་ཆེའི་དཔེ་རྙིང་དང་རིག་དངོས་ཐོན་ཁུངས་ལ“གསོན་ཤུགས”ལྡན་པར་བྱེད་པ། རིག་དངོས་ལ་བརྟེན་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བའི་ཁྲིད་སྟོན་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་དང་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་གཏིང་དུ་ཟུག་པར་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སེམས་གོང་བུ་གཅིག་འགྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། ཆོས་ལུགས་ལས་དོན་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་སྲ་བརྟན་དང་རྒྱ་ཆེར་གཏོང་བ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་དུ་གཏོང་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་པ། སྲུང་སྐྱོང་སྔོན་ལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ལུགས་མཐུན་བེད་སྤྱོད་ལ་སྣང་ཆེན་བྱེད་པ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་དངོས་ཐོན་ཁུངས་གང་ལེགས་སྤྱོད་པ། མི་རིགས་ཁག་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ཏེ་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་དང་གནའ་གྲོང་སྲུང་སྐྱོང་ལས་དོན་ཟུང་འབྲེལ་བྱེད་པ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་དེ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐོན་ཁུངས་དང་རྒྱུ་ནོར་གལ་ཆེ་ཤོས་སུ་བརྩི་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།