དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-11

    ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ལྷུན་གྲུབ་རྫོང་དུ་གྲོང་གསེབ་དར་རྒྱས་དང་། ཐོན་ལས་སྐྱེད་སྲིང་། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ། ཡུལ་བབ་དང་བསྟུན་པ་དང་གནད་འཕིགས་ཤུགས་འདོན། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བོད་ལྗོངས་ས་གོ་ལའི་གླིང་སྣེ་གསུམ་པའི་ཆང་ལས་ཚད་ཡོད་ཀུང་སིར་ཀུང་སིའི་རྣམ་གྲངས་འཛུགས་སྐྲུན་དང་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་སྐོར་གྱི་སྙན་སེང་ཞིབ་ཕྲ་གསན་ཞིང་། ཁོང་གིས་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ“བོད་ཀྱི་གཞི་རྒྱུ”དེ་བས་མང་བ་ཐོན་རྫས་ནང་མཉམ་འདྲེས་བྱས་ནས། སྤུས་རྟགས་ཀྱི་ཟུར་སྣོན་རིན་ཐང་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས། གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཐོན་རྫས་ཁྲོམ་རའི་བཟུང་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོན་ལས་ཀྱི་རིན་ཐང་འཕར་བ་དང་། ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་གྱི་ས་མཐོའི་ཀོ་ཤ་འདེབས་འཛུགས་རྟེན་གཞིར་ཡན་ཅིན་ཧའེ་ཡིས་ས་མཐོའི་བཟའ་བཅའི་ཤ་མོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང་ཞིབ་ཕྲ་གསན་པ་རེད། ཁོང་གིས་ཚན་རྩལ་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་དོན་དངོས་དང་འཚམ་པ་དང་ས་གནས་དེ་གར་འདེབས་པར་འཚམ་པའི་སྣ་ཁ་དེ་བས་མང་བ་སྐྱེད་སྲིང་། བཟའ་བཅའི་ཤ་མོའི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་མཐུན་རྐྱེན་སྦྱོར་བ་བཅས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། བཟའ་བཅའི་ཤ་མོའི་ལག་རྩལ་དཔེ་སྟོན་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་འབབ་མཐོ་བའི་འདེབས་གསོའི་ལག་རྩལ་ཁྱབ་གདལ་གཏོང་བ། ལས་སྣོན་ཞིབ་ཚགས་ལ་དམ་འཛིན་ཡག་པོ། ཐོན་སྐྱེད་དང་། མཁོ་སྤྲོད། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་ནང་ཞིང་དུད་ཞུགས་པར་སྐུལ་ཁྲིད། བཟའ་བཅའི་ཤ་མོའི་ཐོན་ཁུངས་ཀྱི་ཟུར་སྣོན་རིན་ཐང་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས། སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ཀྱི་སྤུས་རྟགས་དང་ཁེ་ལས་ཀྱི་སྤུས་རྟགས་ཟུང་འབྲེལ་གྱི་མ་ལག་བཙུགས་ཏེ། ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལྷུན་གྲུབ་རྫོང་གི་སྐྱིད་ལུང་སྒར་འདེབས་སུ་ཡན་ཅིན་ཧའེ་ཡིས། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་མཉམ་འདྲེས་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་གཏོད་པ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་སྣུར་སྲིང་ལ་སྐུལ་འདེད་ལྷོད་མེད་གཏོང་བ། ཐོན་ལས་ཀྱི་རིན་ཐང་འཕར་མ་དང་རིག་གནས་རྒྱུན་འཛིན་གཉིས་ཀར་ཕན་འབྲས་ཐོན་པ། མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྤུས་རྟགས་ཀྱི་ལེགས་ཆ་དང་དཔེ་སྟོན་གྱི་ནུས་འབྲས་ཐོན་པ། གྲོང་གསེབ་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་དམིགས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་གྲུབ་ཆའི་བཀོད་པ་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།