ཝང་ཅུན་ཀྲེང་གིས་དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ་དགེ་རྒན་གྱི་འཐུས་མིར་གཟིགས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
ལིའུ་ཅང་ཕེབས་པ།

དགེ་རྒན་དུས་ཆེན་ཐེངས་42པའི་སྐབས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་དགེ་རྒན་ལ་འཚམས་འདྲི་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་དགེ་རྒན་གྱི་འཐུས་མི་ཁྱི་སྐྱག་ལ་འཚམས་འདྲི་གནང་བཞིན་པ།
དགེ་རྒན་དུས་ཆེན་ཐེངས་42པའི་སྐབས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་དགེ་རྒན་ལ་འཚམས་འདྲི་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ནི་ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། སློབ་གྲྭ་བཙུགས་ཚུན་སློབ་གྲྭ་དེས་སློབ་གསོ་སློབ་ཁྲིད་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ནས་སློབ་གཉེར་ཆུ་ཚད་མཐོ་རུ་རྒྱུན་མཐུད་བཏང་སྟེ། ཉམས་མྱོང་བཟང་པོ་མི་ཉུང་བ་ཞིག་བསགས་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་འགྲེམས་པང་ལ་གཟིགས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་གསན་རྗེས། སློབ་གྲྭའི་ལོ་རྒྱུས་ཀྱི་ཁྱམས་རིང་འགྲམ་དུ་ཕེབས་ནས་སློབ་གྲྭའི་ལོ་རྒྱུས་འཕེལ་རིམ་དང་། འཛུགས་སྐྲུན་འཕེལ་རྒྱས། སློབ་གསོ་སློབ་ཁྲིད་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
སློབ་ཁྲིད་ཐོག་ཁང་གི་ཚོམས་ཆེན་དུ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་ཡོད་ཅིང་། ཝང་ཅུན་ཀྲེང་མདུན་དུ་ཕེབས་ནས་དགེ་སློབ་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་། དགེ་རྒན་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། སློབ་མ་ཚོར་སློབ་སྦྱོང་ཡག་པོ་དང་ཉིན་བཞིན་ཡར་རྒྱས་ཡོང་བར་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
“དུས་ཆེན་བཀྲ་ཤིས་བདེ་ལེགས” དགེ་རྒན་གྱི་འཐུས་མི་ལི་ཞའོ་ཧུའེ་དང་ཁྱི་སྐྱག་ལ་འཚམས་འདྲི་གནང་སྐབས། ཝང་ཅུན་ཀྲེང་གིས་ཁོང་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་ནས་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་ཤིང་། ཁོང་གིས། དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཞིག་རེད། སློབ་གསོའི་ཐོག་མའི་བསམ་འདུན་བརྟན་སྲུང་གིས་བསམ་སྦྱོར་བཟང་པོ་དར་སྤེལ་བཏང་ནས་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས། རྒྱུན་ཆད་མེད་པར་རང་ངོས་ལ་སྦྱོང་བརྡར་དང་རང་ངོས་མཐོར་གཏོང་གིས་སློབ་གསོ་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱས་ཏེ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་ཁྲིད་དེ་གོ་བདེ་ཤེས་སླ་ཡོང་བར་ཤུགས་སྣོན་རྒྱག་པ་དང་། སློབ་ཁྲིད་ཀྱི་ནང་དོན་ལེགས་སུ་རྒྱུན་མཐུད་གཏོང་བ། སློབ་ཁྲིད་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཤེས་སྦྱོར་གཅིག་མཐུན་ཡོང་བའི་ཁྲོད་དུ་སློབ་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད། སྤེལ་རེས་གནང་རིང་། དགེ་རྒན་ཚོས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ་དང་། ང་ཚོ་ཚང་མ་ཕན་པ་ཐོབ་མཁན་ཤ་སྟག་ཡིན་པས། བདེ་སྐྱིད་ཡིན་པ་ཟབ་མོ་ཚོར་བྱུང་ལ་གྲུབ་འབྲས་ཀྱང་གྱ་ནོམ་པ་ཐོབ་བྱུང་། དེས་མ་ཚད་ཕྲག་སྟེང་གི་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་དེ་བས་ཀྱང་བྱུང་། དེར་བརྟེན་དཔེ་ཁྲིད་མི་སྐྱོང་གི་ལས་གནས་ཐོག་འབད་བརྩོན་ལྷོད་མེད་བྱས་ཏེ་ལས་དོན་དེ་བས་ཏན་ཏིག་སྒྲུབ་ཀྱི་ཡིན་ཞེས་བཤད་པ་རེད།
འཚམས་འདྲི་གནང་རིང་ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བརྩི་བ་མཐའ་འཁྱོངས་དང་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་ཀྱིས་སློབ་གསོ་དེང་རབས་ཅན་དུ་སྒྱུར་མགྱོགས་སུ་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོར་དམིགས་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལོ་མང་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ཏེ། སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་འཇོག་པ་མཐའ་འཁྱོངས་བྱས་པ་དང་སློབ་གསོའི་ལྗོངས་སྟོབས་ཆེན་སྐྲུན་མགྱོགས་སུ་བཏང་ནས་དུས་རབས་གསར་པའི་བོད་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། “བླ་སྲོག་གཏོད་པ་དང་། སྤུས་ཚད་མཐོར་གཏོང་། རྨང་གཞི་བརྟན་གཏོང་། དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བ། སློབ་མར་སྲུང་སྐྱོང”བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཀུན་སྤྱོད་མི་སྐྱོང་དང་བློ་སྦྱོང་མི་སྐྱོང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་དེ་སློབ་ཁང་གི་སློབ་ཁྲིད་དང་། སློབ་གྲྭའི་རིག་གནས། སྤྱི་ཚོགས་ཀྱི་ལག་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་བོད་གསར་རྙིང་བསྡུར་བའི་སློབ་གསོ་སྤེལ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། བློ་སྦྱོང་རང་གཅུན་དང་ངག་སློབ་དཔེ་སྟོན་གྱིས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། བླ་ན་མེད་པའི་མི་གཤིས་ལ་བརྟེན་ནས་སློབ་མར་བག་ཆགས་བཟང་པོ་འཇོག་པ། བླ་ན་མེད་པའི་བསམ་བློར་བརྟེན་ནས་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་པར་བྱེད་པ། གཞོན་ནུ་ལོ་ཆུང་འཚར་ལོངས་ལམ་བུའི་མི་ཚེའི་སློབ་དཔོན་ཡག་པོ་ཞིག་བྱེད་པ། དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྲོལ་རྒྱུན་བཟང་པོ་རང་རྟོགས་ངང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། མི་དམངས་དགེ་རྒན་གྱི་གཟི་བརྗིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས། ཤེས་རྒྱ་ཆེ་བ་དང་། བདེན་འཚོལ་གསར་གཏོད། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། སློབ་མའི་གནས་ཚུལ་དང་ཟུང་འབྲེལ། རང་འགུལ་ངང་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་བྱེད་སྟངས་སློབ་སྦྱོང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རོགས་སྐྱོར་ཐོན་ཁུངས་དང་གྲངས་འཛིན་ཅན་གྱི་སློབ་ཁྲིད་ཐོན་ཁུངས་ཡག་པོ་སྤྱོད་པ། ལས་སྒོར་བརྩོན་ཞིབ་དང་། སློབ་གསོའི་རྩལ་ནུས་ལ་བརྩོན་ཞིབ། སློབ་ཁྲིད་བྱེད་སྟངས་གསར་གཏོད། མི་སྣ་གསོ་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས་སློབ་གསོར་དྲོད་ཚད་ཡོད་ལ་སྤུས་ཚད་དེ་བས་ཡོད་པ་བྱེད་དགོས། བརྩེ་སེམས་ཟབ་ཏུ་གཏོང་བ་དང་མཐའ་མཚམས་སུ་གཞི་ཚུགས་ཏེ་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་དང་། མི་སྒེར་གྱི་སློབ་གསོའི་ཕུགས་བསམ་བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ། ཁྲིད་སྟེགས་དེ་མཐའ་མཚམས་འཛུགས་སྐྲུན་དང་བོད་ལ་ལེགས་སྐྱེས་འབུལ་བའི་གཡུལ་ས་གཙོ་བོར་བརྩི་བ། དཔེ་ཁྲིད་མི་སྐྱོང་ཁྲོད་དུ་ངོ་མཚར་ཆེ་བའི་མི་ཚེའི་རིན་ཐང་ཧུར་ཐག་གཏོད་པ་བཅས་བྱས་ཏེ། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་དགེ་རྒན་ལ་ཕན་འདོགས་པ་དང་། དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བ། དགེ་རྒན་ལ་གཅེས་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཐབས་ཁག་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། དགེ་རྒན་གྱི་ཐོབ་ཐང་ལ་འགན་ལེན་དང་། འཚར་ལོངས་མཐོར་འདེགས། མི་ཆོས་རིག་གནས་ཀྱི་དོ་ཁུར་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་གཏོད་པ་བཅས་བྱས་ཏེ་རྒྱ་ཆེའི་དགེ་རྒན་ཚོས་བློ་བདེ་པོ་དང་། སེམས་རྩ་འཁོལ་པོ། སེམས་པ་སྐྱིད་པོ། ཞིབ་ཚགས་པོ་བཅས་ཀྱི་སྒོ་ནས་སློབ་ཁྲིད་ཐུབ་པར་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་རྒྱུན་བཞིན་སློབ་གྲྭའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་མུ་མཐུད་གཏོང་བ། སློབ་གསོའི་བོད་སྐྱོར་གྱི་ནུས་པ་གང་ལེགས་འདོན་པ། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་དགོས།
འབྲེལ་ཡོད་གསར་འགྱུར།