ཀརྨ་ཚེ་བརྟན་གྱིས་ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པར་སྐོར་ཞིབ་དང་བརྟག་ཞིབ་གནང་བ།
ཚེས་8ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པར་སྐོར་ཞིབ་དང་བརྟག་ཞིབ་གནང་ཞིང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་སྟེགས་ཀྱི་ཕན་འབྲས་གང་ལེགས་བཏོན་ནས་མི་མང་པོའི་ཡིད་དབང་འགུགས་པ་དང་། འཛད་སྤྱོད་ལ་སྐུལ་མ་གཏོང་བ། ཐོན་ལས་དར་རྒྱས་གཏོང་བ། དམངས་འཚོར་ཕན་བཏགས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་དེ་བས་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་ཐོན་རྫས་ལ་གཟིགས་པ་དང་། ངོ་སྤྲོད་གསན་པ། ཚོང་ལམ་དྲིས་གནང་བ་མ་ཟད། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཐོན་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་རེད། དེས་ན་རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་ཤུགས་རྐྱེན་ཆེ་རུ་བཏང་ནས། བོད་ཀྱི་ཐོན་རྫས་དེ་བས་མང་པོ་ས་མཐོ་ནས་ཐོན་པ་དང་འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས། ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། བྲིན་ཁ་རྒྱུག་པའི་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱེད་པ། མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་བ་བཅས་བྱས་ཏེ་དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་སྤུས་གསུམ་ཆེ་རུ་གཏོང་དགོས། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཁོར་འབྲེལ་སྣུར་སྲིང་དང་། གསབ་རེས། ཆེར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ལས་སྤུས་འདེགས་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་ཧུར་ཐག་ཞུགས་པ། ཁྱབ་ཁོངས་དེ་བས་ཆེ་བའི་ནང་སྤྲོད་མཁོའི་འཁོར་རྒྱུག་ཤར་གཏོང་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་དགོས། བོད་ལྗོངས་འགྲེམས་ཚོགས་ཀྱི་གསེར་བྱང་གི་བཀྲག་མདངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལས་སྟེགས་ཀྱི་གཞི་རྟེན་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ། འགྲེམས་ཚོགས་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་འགྲེམས་ཚོགས་དེ་ཉིད་འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དང་བོད་ལྗོངས་འཛམ་གླིང་གི་ཕྱོགས་སུ་སྐྱོད་པའི་སྐར་ཁུང་གལ་ཆེན་དུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
ཁྱད་ལྡན་ཞིང་འབྲོག་དང་རྒྱལ་སྒྲོལ་དྲ་ཚོང་སོགས་ཀྱི་འགྲེམས་སྟེགས་མདུན་དུ། ཀརྨ་ཚེ་བརྟན་གྱིས་འགྲེམས་ཞུགས་ཚོང་པ་རྣམས་དང་སྤེལ་རེས་གཏིང་ཟབ་གནང་སྟེ། སྤུས་རྟགས་འགྲེམས་ཞུགས་དང་ཚོང་ཟོག་ཉོ་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་ཁོང་ཚོར་ཚོང་ལས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་ཞུས་ཤིང་། ཁོང་གིས་བོད་ལ་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པས། དེ་ནི་མ་འཇོག་ལས་དར་གྱི་ཞིང་ས་གཤིན་པོ་ཞིག་རེད། འགྲེམས་ཞུགས་ཚོང་པས་གདེང་ཚོད་བརྟན་དུ་གཏོང་བ་དང་བོད་ཀྱི་བྱ་གཞག་ལ་གཏིང་ཟབ་གཞོལ་ཏེ། བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་མཉམ་ལས་སྤེལ་རེས་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་སྡེ་ཚན་ལ་འགྲེམས་ཞུགས་ཀྱི་ཉམས་ལེན་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་འགྲེམས་ཞུགས་ཚོང་པས་སྤྲོ་སེམས་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་པ་དང་། འགྲེམས་སྟོན་ལ་ལྟ་མཁན་མང་ཚོགས་ལ་སྟབས་བདེ་དང་བག་ཕེབས་ཡོང་བར་བྱས་ནས། བོད་ལྗོངས་འགྲེམས་ཚོགས་དེ་ཉིད་ཆུ་ཚད་ལྡན་པ་དང་ཀུན་གྱིས་བསྔགས་བརྗོད་ཐོབ་པ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།