འགན་འཁྲི་ཕྲག་ཏུ་ཁུར། ས་མཐོར་ལེགས་སྐྱེས་འབུལ།
—— ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་བསྟན་འཛིན་ཤེས་རབ་ཀྱི་སྐོར་བཀོད་པ།
ནག་ཆུའི་དར་ཆ་ལྷ་མོའི་ཁྲོམ་གཞུང་དུ་སྐྱོད་སྐབས་གང་སར་སྐྱིད་ཉམས་དོད་པའི་རྣམ་པས་ཁེངས་ཤིང་། རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་དཔྱད་བསྡུར་གྱི་ཨང་བཞི་པ་ཐོབ་པའི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་མུ་ཁྱུད་དེ་ནི་རྒྱལ་ནང་དུ་ལོག་པའི་ཕྱི་སྦྱོང་སློབ་མ་དང་ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་བསྟན་འཛིན་ཤེས་རབ་ཀྱིས་བོད་བྱང་ཐང་དུ་རྩ་བ་ཚུགས་ནས་འགན་འཁྲི་ཡག་པོ་བསྒྲུབས་པའི་གསོན་ཉམས་དོད་པའི་དཔང་པོ་ཞིག་རེད། རྒྱལ་ནང་དུ་ལོག་པའི་བསྟན་འཛིན་ཤེས་རབ་ཀྱིས་མཚོ་འགྲམ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡག་པོ་བློས་བཏང་ནས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆ་སྙོམས་ས་བབ་སྨི་4500ཟིན་པའི་ནག་ཆུར་གཞི་ཚུགས་ཏེ། རང་ཉིད་ཀྱིས་སྦྱངས་པའི་ཆེས་ལས་ཤེས་བྱ་དང་རྒྱལ་ཕྱིའི་མཐོང་རྒྱ་དེ་ཉིད་ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་པ་དང་། ཚོང་དོན་གྱི་འཐབ་ས་དང་པོར་རང་འགན་གཙང་སྒྲུབ་ཀྱིས་བྱང་ཐང་ས་གཞི་ཆེན་པོར་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཡོད།
ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ལྷུན་གྲུབ་ཐོན་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བསྟན་འཛིན་ཤེས་རབ་ཀྱིས་དམངས་ཆེད་འགན་འཁྲི་སྒྲུབ་པའི་ལས་འགན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས“གཞི་རིམ་དུ་སྐྱོད་པ་བཞིའི”ལག་ལེན་བྱེད་སྒོར་ཧུར་ཐག་ཞུགས་ཡོད། ཁོང་གིས་འབྲེལ་བ་ཟབ་པའི་ལེགས་ཆ་གང་ལེགས་བཏོན་ནས་ཏང་ཨུད་དང་སྲིད་གཞུང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་ཡག་པོ་ཞིག་བྱས་ཡོད། ཁོམ་པ་ཡོད་ཚེ་ཁོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དང་ཁྲོམ་གཞུང་ཁག་ཏུ་བསྐྱོད་དེ། ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འཚོལ་བའམ་ཡང་ན་ཁེ་ལས་ཀྱི་འཁོར་ཁང་དང་ཁྲོམ་གཞུང་ཚོང་ཁང་དུ་བསྐྱོད་དེ་གཉེར་སྐྱོང་བྱེད་པོ་དང་ངོ་ཐུག་གདོང་འཕྲད་ཀྱིས་ཐོན་ལས་འཕེལ་རྒྱས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རིང་གི་འགག་གནད་དང་དཀའ་ངལ་ཐག་གཅོད་བྱས་ནས། གཞི་རིམ་གྱི་རེ་ཞུ་ངོ་མ་གསེད་བཀྲོལ་བྱས་ཏེ་ལག་ལེན་དུ་འཁྱོལ་ཐུབ་པའི་སྲིད་གྲོས་ཀྱི་གྲོས་གཞིར་འགྱུར་བར་བྱེད་ཀྱི་ཡོད།
འགན་སྒྲུབ་ཀྱི་རྨང་གཞི་ནི་དངོས་སྒྲུབ་ཡིན་ཞིང་། བསྟན་འཛིན་ཤེས་རབ་ཀྱིས་ནག་ཆུ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་དཔལ་འབྱོར་འཕར་སྣོན་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་གི“འཕེལ་རྒྱས་ཀྱི་རྩིས”ཡག་པོ་རྒྱག་དགོས་ལ། མི་སེར་གྱི་འཚོ་བ་དང་ཁེ་ལས་འཚོ་གནས་ཀྱི“དམངས་འཚོའི་རྩིས”དེ་བས་ཀྱང་ཡག་པོ་རྒྱག་དགོས་པ་གསལ་པོར་ཤེས་ཀྱི་ཡོད།
ནག་ཆུའི་ཚོང་དོན་གྱི་རྨང་གཞི་ཞན་པ་དང་ཕྱི་ཕྱོགས་སྒོ་དབྱེ་མི་འདང་བའི་དོན་དངོས་ཀྱི་མདུན་དུ། ཁོང་གིས་ཁེན་ཏེ་ཅི་དང་ཆུས་ཁྲེན་ཧྲི་ཐད་ཚོང་ཁང་ནག་ཆུར་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་གྱི་རྒྱུད་འབྲེལ་ཚོང་ལས་ཀྱི་ཞན་ཆ་བསལ་བ་དང་། མཚན་ཁྲོམ་དམངས་ཕན་ཁྲོམ་གཞུང་བཏོད་ནས་མཚན་མོའི་འཛད་སྤྱོད་ལ་སྐུལ་སློང་བྱས་པ། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་འགྲེམས་ཚོང་ཚོང་འདུས་སྒྲིག་འཛུགས་བྱས་ཏེ་ས་གནས་དེ་གའི་ཐོན་རྫས་ཕྱིར་ཚོང་བགྲོད་ལམ་ཤར་གཏོང་བྱས་ཡོད།
ལོ་མང་རིང་། བསྟན་འཛིན་ཤེས་རབ་ཀྱིས་ལུགས་མཐུན་གཉེར་སྐྱོང་གི་མཐའ་ཚད་བརྟན་པོར་བསྲུངས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཞིང་། ཁོང་གིས་སླད་ཕྱིན་མུ་མཐུད་ནག་ཆུའི་དོན་དངོས་ལ་གཞི་ཚུགས་ཏེ། རྣམ་གྲངས་ཀྱི་འཐབ་ས་དང་པོར་འགན་སྒྲུབ་གྲོས་འདོན་བྱེད་པ་དང་། ས་གནས་དེ་གའི་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་བ་དང་ས་གནས་དེ་གའི་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ནས། ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཨུ་ཡོན་གྱི་སྟོབས་ཤུགས་རྒྱུན་མཐུད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།