དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལྗོངས་ཏང་ཨུད་རྩ་འཛུགས་པུས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-05

    ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར། པུའུ་ལས་ཁུངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་སྙན་ཞུ་ཉན་པ། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་གསུངས་དོན། སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྗོངས་ཏང་ཨུད་རྩ་འཛུགས་པུས་ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རང་ངོས་ཀྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་ཉིས་བརྩེགས་ཏན་ཏིག་ཁུར་ནས“ཏང་འཛུགས་སྤྱི་ཕན་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱར་སྟངས་འཛིན་ནན་པོ་དང་། སྦྱོང་བཤེར་བཅོས་གསུམ་འབྲེལ་མཐུད་དང་ཤེས་སྦྱོར་གཅིག་མཐུན་གཅིག་གྱུར་ཡོང་བ་བཅས་མཐའ་འཁྱོངས་བྱས་པས་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། བཤེར་འདོན་ལ་ཤུགས་ཚད་ལྡན་པ། ལེགས་བཅོས་ལ་ཕན་འབྲས་ཐོན་པ་བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། ངེས་པར་དུ་སྙིང་རུས་གཏན་འཁྱོངས་དང་རྒྱུན་དུ་དམ་འཛིན་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དེ“1+6+1”ཟུང་འབྲེལ་གྱི་རྩ་འཛུགས་ལས་དོན་དང་མཉམ་འདྲེས་བྱེད་པ། སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྲིད་དོན་ལས་རྗེས་ཀྱི་ཡོ་ཁྱད་གནད་དོན་རྟག་ཏུ་ཞིབ་བཤེར་བཅོས་སྒྲིག་བྱེད་པ། སྲིད་དོན་ལས་རྗེས་ལྟ་བའི་བྱ་སྤྱོད་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་དང་གྲུབ་འབྲས་ལ་སྣང་ཆེན་བྱེད་པའི་མི་སྤྱོད་སྟོན་ཕྱོགས་འཛུགས་པ། ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྩ་འཛུགས་ལས་དོན་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།