ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
ཟླ་9ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཤིང་། ལྗོངས་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཕྱོགས་སྡོམ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། ཁེར་གྷི་སི་ཐན་དང་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་རིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ད་ལྟའི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་རླབས་རྒྱུན་གསལ་ཤེས་ཟབ་མོ་ཐུབ་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་ཧུར་ཐག་བཏང་བས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པའི་ངོས་འཛིན་གཅིག་མཐུན་བྱས་ཡོད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། ས་གནས་ཀྱི་ཕྱི་དོན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། སྔར་བས་སྒོ་དབྱེའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་ནས“རྒྱུད་གཅིག་ལམ་གཅིག”དང་། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས། ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པ་བཅས་ཀྱི་འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་དབར་མཛའ་མཐུན་འགྲོ་འོང་དང་སྤེལ་རེས་མཉམ་ལས་ཟབ་མོ་བྱས་ནས། འཛམ་གླིང་གིས་བོད་ལ་ཤེས་རྟོགས་དེ་བས་ཡག་པོ་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་དེ་བས་མགྱོགས་མྱུར་སྐྱོད་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་ཤིང་། ཝང་ཅུན་ཀྲེང་གིས་བསྟན་དོན། ལྗོངས་ཡོངས་སུ་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས“དོ་དོ་ནན་ནན་དང་ཏན་ཏན་ཏིག་ཏིག་གསུམ”སྐོར་གྱི་བླང་བྱ་གལ་ཆེན་དང“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པར་ཇུས་འགོད། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱས་པས། དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་ཐེབས་ནས་གོང་འཕེལ་བྱུང་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པའི”ལྟེ་བའི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། ལས་སྒྲུབ་ལས་གཏོད་ཀྱི་བསམ་བློའི་ངོས་འཛིན་དང་འཇོན་ཐང་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། ཞིབ་དཔྱད་དག་ཐེར་ལ་དངོས་འཛིན་བཙན་འཐབ་བྱས་པ་དང་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཡོ་བསྲང་དང་བཅོས་སྒྲིག་ནུས་ལྡན་ཐུབ་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“རྩིས་རྙིང་དཔོན་གསར་གྱིས་ལེན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་ཡུན་རིང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་ཁག་གཅིག་ལ་སྐུལ་འདེད་བཏང་ནས་བསལ་བ་དང་། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་གཅིག་རིམ་བཞིན་ཐག་གཅོད་བྱས་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་དོན་དངོས་དང་བྱ་བ་བཟང་པོ་ཁག་གཅིག་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་པ། མངོན་གསལ་དོད་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་ནུས་ལྡན་བྱས་པ་དང་ལས་ཀའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སྦྱོང་སྤྱོད་སྦྲེལ་མཐུད་དང་ཤེས་སྦྱོར་གཅིག་མཐུན་དང“དོན་ཆེན་བཞིར”ཞབས་འདེགས་ཞུ་བའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་དེ་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ནང་མཉམ་འདྲེས་གཏིང་ཟབ་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་བཏང་བ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རྒྱུན་འཁྱོངས་བྱས་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པར་ཤུགས་སྣོན་བརྒྱབ་པ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་ཧུར་ཐག་བྱས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། ཐོས་བསམ་མྱོང་རྟོགས་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་བ་དང་འགན་འཁྲི་གཙང་སྒྲུབ་ལ་ཁྲིད་སྟོན་བྱེད་དགོས། གྲི་ཁ་ནང་གཏད་མཐའ་འཁྱོངས་ཀྱིས་རང་ངོས་གསར་བརྗེ་མཐར་ཕྱིན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྲིད་དོན་ལས་རྗེས་ལྟ་བར་ནོར་འཛོལ་བྱུང་བའི་གནད་དོན་རྒྱུན་མཐུད་ཞིབ་བཤེར་དང་ཡོ་བསྲང་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་སེམས་ནུས་སྔར་ལས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འདོན་དུ་བཅུག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་གོ་ཆོད་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ནན་པོ་མཐའ་འཁྱོལ་གྱི་ཟིལ་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པར་སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམ་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། སྡེ་ཚན་གྱི་ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ། སློབ་སྦྱོང་སློབ་གསོའི“ཕྱིར་མིག་ལྟ་བར”དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་གོང་དཔེ་འོག་སྟོན་མཐའ་འཁྱོངས་ཀྱིས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། རྒྱ་ཆེའི་ལས་བྱེད་པར་འགན་འཁྲི་འཁུར་ཕོད་པ་དང་། ཐེག་པ་ཁུར་ལེན་ཕོད་པ། བྱས་རྗེས་འཇོག་མཁས་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་བྱས་རྗེས་དངོས་ཧུར་ཐག་འཇོག་དགོས།
ཝང་ཅུན་ཀྲེང་གིས་བསྟན་དོན། སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བཀའ་འབྱོར་འཕྲལ་སྒྲུབ་དང་། ཉེན་ཁའི་ཕྱོགས་སུ་སྐྱོད་པ། གདོང་མཆོང་མདུན་སྐྱོད་བཅས་བྱས་ཡོད། མིག་སྔར། ཉེན་སེལ་རོགས་སྐྱོབ་ལས་དོན་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་སྐྱོད་སའི་སྐམ་སའི་བགྲོད་ལམ་སྤྱིར་ན་ཤར་གཏོང་ཐུབ་ནས་རོགས་སྐྱོབ་མི་སྣ་དང་། རོགས་སྐྱོབ་དངོས་ཟོག འཕྲུལ་ཆས་སྒྲིག་ཆས་ཆེ་གྲས་བཅས་ལྟེ་བའི་ཁུལ་དུ་འབྱོར་བ་དང་འབྲེལ་རོགས་སྐྱོབ་ལས་དོན་གཏིང་ཟབ་སྤེལ་བཞིན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཁྲུག་ཆེན་པོ་དང་ཚོད་བགམ་ཆེན་པོའི་ཁྲོད་ཉམས་སད་ཐེག་པ་དང་སྤྱོད་ཚུལ་ལ་ཞུན་བརྡར་སྤྲས་པ་དང་། ཕྱོགས་གཉིས་ཀར་དམ་འཛིན་མཐའ་འཁྱོངས་ཀྱིས་ཕྱོགས་གཅིག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཉེན་སེལ་རོགས་སྐྱོབ་ལ་དམ་འཛིན་བྱས་ཏེ། ལས་དོན་ཁག་ཏན་ཏིག་ཞིབ་ཚགས་དང་ལེགས་པར་བསྒྲུབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིག་ལམ་བཟང་བ་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་གྱིས་དཀའ་ཉེན་བྲེལ་ལྕིའི་ལས་འགན་ཁྲོད་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།