ཀརྨ་ཚེ་བརྟན་གྱིས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་རུ་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་བཀོད་གཏོང་གནང་བ།
ལས་དོན་ཁག་ཟོལ་མེད་དང་ཞིབ་ཚགས་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་དགོས།
ཚེས་2ཉིན་གྱི་དགོང་མོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་སྐྱིད་གྲོང་ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་རུ་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་བཀོད་གཏོང་གནང་ནས་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ། དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་གཙོ་སྐྱོང་གནང་ཞིང་། འཕྲལ་སྡོམ་དོ་དམ་པུའི་ཏང་ཨུད་ཀྱི་ཨུ་ཡོན་དང་ཀྲུང་གོ་ས་ཡོམ་ཅུས་ཀྱི་ཅུས་ཀྲང་ཝང་ཁུན་ཕེབས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ལ་དཔེ་བསྡུར་གྱིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཉེན་སེལ་རོགས་སྐྱོབ་དང་། འཕྲལ་སྡོམ་ཐག་གཅོད། རྗེས་འཇུག་སོགས་ཀྱི་ལས་དོན་ཁག་ཟོལ་མེད་དང་ཞིབ་ཚགས་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། རྒྱུན་མཐུད་དམག་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ལྟེ་བའི་ཁུལ་གྱི་འཚོལ་སྐྱོབ་དང་བཙལ་འཚོལ་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དམ་འཛིན་ཏན་ཏིག་བྱས་ཏེ་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་སྟོང་ཆ་མ་ལུས་པ་བྱེད་དགོས། རྨང་གཞིར་འགན་སྲུང་གི་རྩ་བ་བརྟན་དུ་བཏང་ནས་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་བཅས་ཤར་གཏོང་བརྟན་པོ་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། བདེ་འཇགས་རོགས་སྐྱོབ་ཀྱི་མཐའ་ཚད་ནན་པོ་བསྲུངས་ནས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ལྟ་ཞིབ་ཚད་ལེན་ཏན་ཏིག་བྱེད་པ་དང་གནོད་འཚེའི་ཉེན་ཁར་ཚོད་འཛིན་གནད་སྨིན་དང་ཉེན་ཟོན་སྔོན་བརྡ་དུས་ཐོག་ཏུ་གཏོང་ཐུབ་པ་བྱས་ནས་ཞོར་ཐོན་གནོད་འཚེར་འགོག་ཟོན་ནན་པོ་བྱེད་དགོས། ཉེན་སེལ་རོགས་སྐྱོབ་ཀྱི་དུས་རིམ་གསར་པའི་ཁྱད་ཆོས་ལ་གཞི་ཚུགས་ཏེ་དུས་བབ་འགྱུར་ལྡོག་ལ་རྗེས་སྙེག་དམ་ཟབ་བྱེད་པ་དང་། དུས་བབ་དང་བསྟུན་ནས་ཁ་གཏད་གཅོག་ཐབས་ལེགས་སྒྲིག་བྱས་ཏེ། ཐོལ་བྱུང་གནས་ཚུལ་དང་ལེན་མགྱོགས་མྱུར་དང་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས།
བཀོད་འདོམས་མ་ལག་རྒྱུན་མཐུད་སྟོབས་ཆེན་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱུ་རྐྱེན་གཙོ་བོ་འཛོམས་པ་དང་། སྦྲེལ་མཐུད་བདེ་བླག འཁོར་སྐྱོད་ནུས་ཆེ་བཅས་ཐུབ་པའི་འགན་ལེན་བྱེད་པ་དང་། འགག་སྒྲོལ་གྱི་མྱུར་ཚད་མི་འགྱུར་བ་དང་ཤུགས་ཚད་ཆུང་དུ་མི་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ་རོགས་སྐྱོབ་སྟོབས་ཤུགས་ཁག་གི་ལས་འགན་ཆད་ལུས་མེད་པར་ལེགས་སྒྲུབ་ཡོང་བར་སྐུལ་འདེད་གཏོང་དགོས། དངོས་ཟོག་མཁོ་སྤྲོད་དང་རེས་མོས་ངལ་གསོ་རྒྱག་པ་སོགས་ཀྱི་འགན་སྲུང་ལས་དོན་ལ་ཚན་རིག་དང་མཐུན་པའི་སྤྱི་འདོམས་བྱས་ཏེ་འཐབ་ས་དང་པོའི་རོགས་སྐྱོབ་དཔུང་ཁག་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ནུས་ཆུང་དུ་མི་འགྲོ་བ་དང་དུས་དང་རྣམ་པ་ཀུན་ཏུ་དཔའ་ངར་ཆེར་སྐྱེད་ཐུབ་པའི་འགན་ལེན་བྱས་ཏེ། འགོ་མཇུག་གཟབ་འཁྱོངས་དང་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལ་སྐུལ་འདེད་གཏོང་དགོས།
ཚེས་2ཉིན་གྱི་ཕྱི་དྲོར། ཀརྨ་ཚེ་བརྟན་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ལྟེ་བའི་ཁུལ་དུ་ཕེབས་ནས་ས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་རྒྱལ་ལམ་216ནི་ལྟེ་བའི་ཁུལ་དུ་སྐྱོད་སའི་སྐམ་སའི་བགྲོད་ལམ་འབའ་ཞིག་དེ་ཡིན་པས་ཤར་གཏོང་གི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ་འགྲོ་ལམ་ཤར་གཏོང་དང་། གློག་ཤུགས་བརྟན་པོ། འཕྲིན་གཏོང་ཤར་གཏོང་བཅས་ཐུབ་པར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་ལ་ཤུགས་སྣོན་རྒྱག་པ་དང་རིམས་འགོག་དུག་སེལ་ཡག་པོ་བྱས་ནས། བྱ་ཐབས་ནན་པོ་སྤྱད་དེ་ཉེན་སེལ་རོགས་སྐྱོབ་ཀྱི་ས་ཡུལ་དངོས་བདེ་འཇགས་དང་གོ་རིམ་ལྡན་པ་དང་མཐུན་སྦྱོར་ནུས་ཆེ་ཡོང་བའི་འགན་ལེན་བྱེད་དགོས་པ་བསྟན་ཡོད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་ལྷག་བསམ་རྣམ་དག་གིས་འཚོ་བའི་འགན་སྲུང་དང་སྨན་བཅོས་འགན་སྲུང་ཡག་པོ་བྱས་ཏེ་ཚང་མར་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ་དང་། ཆུ་འཁོལ་འཐུང་རྒྱུ་ཡོད་པ། ངལ་གསོ་འདང་ངེས་རྒྱག་རྒྱུ་ཡོད་པ་བཅས་བྱས་ནས། ཉམས་འགྱུར་བཟང་པོའི་ཐོག་ནས་རོགས་སྐྱོབ་མི་སྣ་ལས་དོན་ནང་སླར་ཡང་ལེགས་པར་ཞུགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།