དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-04

    ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཟླ་8ཚེས་28ཉིན་གྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཧུར་ཐག་བསྒྲུབས་ནས། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མས་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བཀོད་སྒྲིག་བྱ་ཡུལ་དུ་ཀརྨ་ཚེ་བརྟན་གྱིས་སྐྱིད་གྲོང་གྲོང་རྡལ་ཅང་གྲོང་ཚོའི་རི་ཟུར་རང་བྱུང་གྲོང་ཚོ་དང་། ས་ལེ་ཤང་གི་ལ་བི་གྲོང་ཚོ། སེར་ཆུང་གྲོང་ཚོ་བཅས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གནང་སྟེ་ཁོང་ཚོར་གནོད་འཚེའི་གནས་ཚུལ་དང་། འཚོ་བ་བཀོད་སྒྲིག དངོས་རྫས་འགན་ལེན་སོགས་ཀྱི་དགོས་མཁོ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱིད་གྲོང་ལ་གནོད་འཚེ་ཕོག་པར་ཐུགས་ཁུར་ཟབ་མོ་གནང་བ་དང་གེགས་ཁུལ་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁྲལ་ཆེན་པོ་གནང་སྟེ། ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཐུགས་ཁུར་གཟབ་བཞེས་གནང་བ་དེ་ནི་ང་ཚོ་གནོད་འཚེ་ལས་རྣམ་པར་རྒྱལ་བའི་གཏིང་ཤུགས་ཆེ་ཤོས་དང་སྟོབས་ཤུགས་ཆེ་ཤོས་དེ་རེད། ཚང་མས་ཡིད་ཆེས་བརྟན་གཏོང་དང་གཟུགས་པོར་བདག་གཅེས་བྱེད་དགོས། ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་ཡོད་པས་མིག་སྔའི་དཀའ་གནད་ལས་བསྒྲལ་ཏེ་སླད་ཕྱིན་འཚོ་བ་དེ་བས་ཡག་པོ་ཞིག་སྐྱེལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    གནོད་འཚེ་ཐོན་རྗེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སེམས་ཁམས་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་ཆུང་སྐྱིད་གྲོང་གྲོང་རྡལ་དུ་མངགས་ཤིང་། ཁོང་ཚོས་བཀོད་སྒྲིག་བྱ་ཡུལ་དུ་བཅར་འདྲི་དང་སེམས་གསོའི་ལས་དོན་སྤེལ་བ་རེད། ཀརྨ་ཚེ་བརྟན་གྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་སྤེལ་རེས་གཏིང་ཟབ་གནང་སྟེ་སེམས་གསོ་གཏོང་བའི་ལས་དོན་སྤེལ་ཚུལ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རིགས་གཅིག་མཁས་ཅན་ཚོགས་པར་ཞབས་ཞུའི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས་རོགས་སྐྱོབ་མི་སྣ་དང་གནོད་འཚེ་ཕོག་པའི་མང་ཚོགས་དེ་བས་མང་བར་སེམས་ཁུར་བྱས་ཏེ། ཚང་མར་ཡིད་ཆེས་བརྟན་གཏོང་དང་དུས་ངལ་མཉམ་སེལ་བྱེད་རྒྱུའི་ལྕག་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།