སྐྱིད་གྲོང་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་གདུང་སེམས་དྲག་པོས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།
ཀརྨ་ཚེ་བརྟན་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ།
ཟླ་9ཚེས་1ཉིན། སྐྱིད་གྲོང་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་གདུང་སེམས་དྲག་པོས་མྱ་ངན་ཞུ་བའི་བྱེད་སྒོ་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་སྤེལ་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་དང་། འཕྲལ་སྡོམ་དོ་དམ་པུའི་ཏང་ཨུད་ཀྱི་ཨུ་ཡོན་དང་ཀྲུང་གོ་ས་ཡོམ་ཅུས་ཀྱི་ཅུས་ཀྲང་ཝང་ཁུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་བསྟན་པ་བཅས་ཞུགས་ཡོད་པ་རེད།
ཉེན་སེལ་རོགས་སྐྱོབ་ནང་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག མེ་ཟོན་རོགས་སྐྱོབ་བཀོད་འཐབ་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྨན་དོན་མི་སྣ་བཅས་ཀྱི་འཐུས་མི་ཞུགས་པ་དང་ཚང་མ་སྐྱོ་གདུང་དང་གུས་ཉམས་ཆེན་པོས་ལངས་ཡོད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་55ཡི་ཐོག་མཁའ་ཟོན་ཉེན་བརྡ་སྐྱིད་གྲོང་གྲོང་རྡལ་གྱི་མཁའ་དབྱིངས་སུ་གྲགས་པ་དང་ས་གནས་ས་ཐོག་གི་མི་སྣ་ཡོངས་ཀྱིས་ཡིད་ཤིན་ཏུ་སྐྱོ་བའི་ངང་སྐྱིད་གྲོང་གི་ཆུ་རུད་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་སྐར་མ་3ཞུས་པ་རེད། ཆུ་རུད་ཀྱི་གནོད་འཚེ་ཕོག་ཁུལ་ལྟེ་བའི་རོགས་སྐྱོབ་བྱ་ཡུལ་དང་འགྲོ་ལམ་མྱུར་བཟོ་བྱ་ཡུལ་སོགས་སུ་ཡང་དུས་གཅིག་ཏུ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
མྱ་ངན་ཞུས་རྗེས་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་འཚོགས་པ་རེད།
མྱ་ངན་ཞུ་བའི་བྱེད་སྒོ་མཇུག་འགྲིལ་རྗེས་ཕྱོགས་ཁག་གི་མི་སྣ་སླར་ཡང་ཉེན་སེལ་རོགས་སྐྱོབ་ཀྱི་ཛ་དྲག་ལས་དོན་ནང་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།