དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ཉེན་སེལ་རོགས་སྐྱོབ་འདི་ལྟར་བྱེད་དགོས་གསུངས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-02

    ཟླ་9ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ནས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ལ་བཀོད་གཏོང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས། བསྟུད་མར་དམག་འཐབ་རྒྱག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། 

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་རུ་འབྲེལ་ཡོད་ས་དབྱིབས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ། 

    ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་ལས་རེས་དང་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་དང་ཉེན་སེལ་རོགས་སྐྱོབ་ལས་དོན་མི་སྣར་བརྙན་ལམ་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་གྱི་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞུགས་མཁན་བློ་མཐུན་ཚང་མར་དཀའ་སྤྱད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བདེ་འཇགས་འགན་ལེན་བྱེད་པའི་གནས་ཚུལ་འོག་བསྟུད་མར་དམག་འཐབ་རྒྱག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཡང་འབད་བསྐྱར་འབད་དང་ནུས་ཤུགས་ཡོད་རྒུ་འདོན་པ་དང་། ཚན་རིག་དང་མཐུན་ལ་ལས་ཕྱོད་ཆེན་པོས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་དང་བརྙན་ལམ་འབྲེལ་མཐུད་གནང་སྟེ་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱིད་གྲོང་གི་གནོད་འཚེའི་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་དང་གེགས་ཁུལ་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་བ་དང་། མཛུབ་སྟོན་དང་གསུང་བཤད་གལ་ཆེན་གནང་ནས་བླང་བྱ་ཁ་གསལ་བཏོན་གནང་བ་དེས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང་ལ་ཉེན་སེལ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་། མགྱོགས་མྱུར་བཀོད་སྒྲིག འཕྲལ་དུ་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་རང་སྐྱོང་ལྗོངས་ཉེན་སེལ་རོགས་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་བཙུགས་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཕྱར་བ་གྲུ་འདེགས་ངང་གནོད་འཚེའི་གནས་ཚུལ་མགྱོགས་མྱུར་མཐིལ་རྟོགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་ཉེན་སེལ་རོགས་སྐྱོབ་སོགས་རྗེས་མཐུད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ཉེན་སེལ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བ་བཅས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། མཐའ་ཟད་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས།“རྟག་ཏུ་བློ་བཟོད་མི་བདེ་བའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་ལ་ལས་ཕྱོད་ཆེ་བའི་བྱ་ཐབས་ནུས་ལྡན་སྤྱད་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་རྗེས་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཆུ་གློག་ལམ་གསུམ་དང་འཕྲིན་གཏོང་སོགས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བཟོ་བ་དང་ཤར་གཏོང་ལས་དོན་མགྱོགས་མྱུར་སྤེལ་ཏེ། ཉེན་སེལ་རོགས་སྐྱོབ་བྱེད་མཁན་མདུན་ཕྱོགས་སུ་སྐྱོད་པར་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་ཐུབ་པར་བྱེད་དགོས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་དང་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་འཚོལ་སྐྱོབ་ཇུས་གཞི་བཟོ་བ་དང་། རིགས་ཁག་གི་ཆེད་ལས་རོགས་སྐྱོབ་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། ལེབ་བཤེར་གྲལ་བཤེར་བྱས་ནས་ཁུག་ཆ་གཅིག་ཀྱང་མི་ལུས་པ་དང་། ས་ཆ་གཅིག་ཀྱང་མི་ལུས་པ། མི་གཅིག་ཀྱང་མི་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས། ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་ནན་པོ་བྱས་ཏེ། གནོད་འཚེ་ཕོག་ཁུལ་དང་དེའི་མཐའ་འཁོར་ས་ཁོངས་ཀྱི་གནམ་གཤིས་དང་། ཆུ་དཔྱད། ས་གཤིས་སོགས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཐག་གཅོད་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་གནད་དོན་ཐོན་བཟོ་ཡོད་དུས་ནས་མེད་པར་བཟོ་དགོས། ལྷག་བསམ་རྣམ་དག་གིས་རྗེས་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་།“མི་རེར་ཆེད་དོན་ཚན་ཁག་རེ་དང་། མི་རེར་ཡིག་ཚགས་རེ། ལས་བྱེད་པ་གཉིས་ཀྱིས་མི་རེ་འགན་གཙང་ལེན་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་གཞིར་བཟུང་། རྐྱེན་ལམ་དུ་ཤོར་བ་དང་འབྲེལ་ཆད་མི་སྣའི་ནང་མིར་མི་ཆོས་ཀྱི་ཐུགས་ཁུར་དང་སེམས་གསོ་ཡག་པོ་བཏང་ནས་ལས་དོན་ཁག་ཞིབ་ཚགས་པོ་སྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། འཐུང་ཆུ་དང་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་དང་། གོ་རིམ་ལྡན་པའི་ངང་ཁོར་ཡུག་ལ་དུག་སེལ། སྐོར་སྐྱོད་སྨན་བཅོས་དང་འགོ་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་དགོས། གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་གནོད་འཚེའི་གནས་ཚུལ་དང་ཉེན་སེལ་རོགས་སྐྱོབ་ཀྱི་ཆ་འཕྲིན་དུས་ཐོག་དང་ཡང་དག་སྒོ་ནས་ཁྱབ་བསྒྲགས་བྱེད་པ་དང་། རིགས་གཅིག་མཁས་ཅན་གྱི་གསལ་འགྲེལ་དང་དོགས་གནད་སེལ་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་རྒྱག་པ་བཅས་བྱས་ནས་གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ས་ཁོངས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་ནུས་ལྡན་སྤྱོད་པ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅངས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་ནས་སྒྲུབ་པ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་ནན་དུ་གཏོང་བ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པ་དང་། བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལས་དོན་གྱི་ཚན་རིག་རང་བཞིན་དང་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་ཤེས་ཀུན་གྲོལ་དང་། འགན་འཁྲི་ཞིབ་ཕྲ་བཟོ་བ། ལས་བགོས་ཁ་གསལ་བཟོ་བ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་ལས་ཕྱོད་ཆེན་པོས་སྐུལ་འདེད་གཏོང་དགོས། གཞིས་རྩེ་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་རང་འགན་གཙང་སྒྲུབ་ཀྱིས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས།

    ལིའུ་ཅང་དང་། རེན་ཝེ། ཀུང་ཧུའེ་ཚའེ། ཀྲུའུ་ཧྲོའུ་ཁོའོ། ཤཱ་ཁེ་ཆིན་བཅས་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།