དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་རུ་ཉེན་སེལ་རོགས་སྐྱོབ་ལས་དོན་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    ཟླ་8ཚེས་30ཉིན་གྱི་དགོང་མོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་རུ་ཉེན་སེལ་རོགས་སྐྱོབ་ལས་དོན་བཀོད་སྒྲིག་གནང་ཞིང་། གནས་ཚུལ་གྱི་སྙན་ཞུ་གསན་པ་དང་དུས་བབ་ལ་བརྡར་གཅོད་དང་དབྱེ་ཞིབ་གནང་སྟེ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། འཕྲལ་སྡོམ་དོ་དམ་པུའི་ཏང་ཨུད་ཀྱི་ཨུ་ཡོན་དང་ཀྲུང་གོ་ས་ཡོམ་ཅུས་ཀྱི་ཅུས་ཀྲང་ཝང་ཁུན་ཚོགས་འདུར་ཞུགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཟླ་8ཚེས་28ཉིན་གྱི་ཚོགས་འདུའི་དགོངས་དོན་ཉེན་སེལ་རོགས་སྐྱོབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། འགན་འཁྲི་ཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ལས་འགན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ལས་འགན་ཧུར་ཐག་སྒྲུབ་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། བཀོད་འདོམས་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱེད་པ། ཕྱོགས་ཡོངས་ནས་འགན་འཁྲི་ནན་དུ་གཏོང་བ། རོགས་སྐྱོབ་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ་གང་གསུང་དེ་སྒྲུབ་དང་འཁོར་སྐྱོད་ནུས་ལྡན་ཐུབ་པར་བྱེད་དགོས། འཚོལ་སྐྱོབ་དང་ཤར་གཏོང་གི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་ཇུས་གཞི་བཟོ་བ་དང་འགག་སྒྲོལ་གོམ་སྟབས་རྒྱུན་འཁྱོངས་ཀྱིས་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཧུར་ཐག་གཏོང་བ་དང་། མངོན་མེད་རྐྱེན་ངན་ལ་སྐོར་ཞིབ་དང་ཉེན་སེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞོར་ཐོན་གནོད་འཚེ་འགོག་ཟོན་ནན་པོ་བཅས་བྱས་ནས་རོགས་སྐྱོབ་མི་སྣ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་དགོས། ཆ་འཕྲིན་མཉམ་སྤྱོད་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ། མདུན་ཕྱོགས་དང་རྒྱབ་ཕྱོགས་འབྲེལ་མཐུད་དམ་ཟབ་དང་ཁོངས་ཁུལ་མཉམ་སྒྲུབ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོམ་སྟབས་གཅིག་གྱུར་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཉེན་སེལ་རོགས་སྐྱོབ་ཀྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ཐོབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་མི་གཏོང་བ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།

    G216རྒྱལ་ལམ་མྱུར་བཟོ་བྱེད་པ་ནི་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་གྱི་འགག་རྩ་རེད། ཟླ་8ཚེས་30ཉིན་གྱི་སྔ་དྲོར། ཀརྨ་ཚེ་བརྟན་ས་ཡུལ་དངོས་སུ་ཕེབས་ནས་འཐབ་ས་དང་པོའི་རོགས་སྐྱོབ་སྟོབས་ཤུགས་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཉེན་སེལ་རོགས་སྐྱོབ་ལས་དོན་ལ་རྒྱལ་ཡོངས་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། ངེས་པར་དུ་འབད་བརྩོན་ཆེན་པོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་སྐུལ་འདེད་བཏང་ནས་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་དགོས། ཚན་རིག་དང་མཐུན་པའི་མྱུར་བཟོའི་ཇུས་གཞི་བཟོ་བ་དང་། ཆེད་ལས་སྟོབས་ཤུགས་སྤྱི་འདོམས་བཀོད་གཏོང་བྱེད་པ། ལས་ཕྱོད་ཆེན་པོས་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འགྲོ་ལམ་གང་མགྱོགས་ཤར་གཏོང་ཐུབ་པ། གློག་ཤུགས་མཁོ་འདོན་དང་འཕྲིན་གཏོང་འགན་སྲུང་སོགས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་ནས་འཁོར་སྐྱོད་རྒྱུན་མཐུད་བརྟན་པོ་ཐུབ་པའི་འགན་ལེན་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་པ། ཆོད་སེམས་ཆེ་ཤོས་དང་བྱ་ཐབས་ཏན་ཏིག་སྤྱད་ནས་འཚོལ་སྐྱོབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཚེ་སྲོག་མྱུར་སྐྱོབ་ཀྱི་རེ་བ་ཕྲན་བུ་ཙམ་ཡང་བློས་གཏོང་མི་རུང་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།