བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོཌ་པ།
ཀརྨ་ཚེ་བརྟན་ཚོགས་འདུར་ཕེབས་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་བ།
ཚེས་30ཉིན། བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐྱིད་གྲོང་གྲོང་རྡལ་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཡོངས་བསྒྲགས་ཚོགས་འདུར་ཕེབས་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ཚེས་29ཉིན་གྱི་ཆུ་ཚོད་18བར། གནོད་འཚེའི་དབང་གིས་མི་16རྐྱེན་ལམ་དུ་ཤོར་བ་དང་མི་546འབྲེལ་བ་ཆད་ཡོད་པ་རེད།
ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ་དུ་ཚང་མ་ཡར་ལངས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། གནོད་འཚེ་ཐོན་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཙུང་ལི་ལི་ཆང་ཆེད་མངགས་སྐྱིད་གྲོང་དུ་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་འཐབ་ས་དང་པོར་རོགས་སྐྱོབ་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱི་མཛུབ་ཁྲིད་ནུས་ལྡན་འོག་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་བློ་ཐག་ཆོད་ལ་ཕན་ནུས་ཆེ་བའི་བྱ་ཐབས་སྤྱད་ནས་མི་སྣ་འཚོལ་སྐྱོབ་དང་། མང་ཚོགས་བཀོད་སྒྲིག རྗེས་མཇུག་བཀོད་སྒྲིག་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་བཞིན་ཡོད།
ཀརྨ་ཚེ་བརྟན་གྱིས་ཉེན་སེལ་རྒུད་སྐྱོབ་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཞིང་། འཚོལ་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད། མིག་སྔར་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་མི་སྣ་2141སྐུལ་སློང་དང་སྒྲིག་འཛུགས་བྱས་པ་དང་། རོགས་སྐྱོབ་རླངས་འཁོར་269དང་རོགས་སྐྱོབ་འཕྲུལ་ཆས་ཆ་ཚང་3922མངགས་གཏོང་བྱས་པ། “སྐམ་མཚོ་མཁའ་གསུམ”ནས་རོགས་སྐྱོབ་བྱས་ཏེ་གེགས་ཁུལ་གྱི་ལྟེ་བའི་ཁུལ་དུ་བསྐྱོད་ཡོད། ནུས་ཤུགས་ཡོད་རྒུས་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱས་ཏེ་སྐྱིད་གྲོང་གྲོང་རྡལ་དང་ས་ལེ་ཤང་གི་ཉེན་ཡོད་ས་ཁོངས་ཀྱི་གྲོང་ཚོ་5ཡི་མང་ཚོགས་499འཕྲལ་མར་གནས་སྤོ་བཀོད་སྒྲིག་བྱས་པ་དང་། སྲིང་བལ་གྱི་གྱོན་གོས་དང་གུར་སོགས་གེགས་སེལ་དངོས་ཟོག་ཁྲི་5.7ལྷག་ཙམ་འཕྲལ་མར་སྤྲད་པ། སྐྱིད་གྲོང་གྲོང་རྡལ་དུ་ཡོད་པའི་རྒྱལ་ནང་གི་ཡུལ་སྐོར་བ་555དུས་ཐོག་ཏུ་གནས་སྤོ་བྱས་པ་དང་འབྲེལ་བ་ཆད་པའི་ཕྱི་རྒྱལ་བ་261ལ་གྲལ་བཤེར་བྱས་ནས་བོད་དུ་ལུས་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁག་བགོས་བཀོད་སྒྲིག་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཉེན་ཁ་ཡོད་པའི་ས་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ་5ཡི་ཁང་པ་སྟར་པ་236ལ་གྲལ་བཤེར་བྱས་པ་དང་། གེགས་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་ཆར་ཆུའི་གནས་ཚུལ་དང་འཁྱགས་མཚོའི་ཁ་ཞེང་འགྱུར་ལྡོག་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ལྟ་ཞིབ་ཚད་ལེན་བྱེད་ས་བཙུགས་ནས་འཁྱིལ་མཚོ་2ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད། རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་སྟོབས་ཤུགས་86གཙོ་གནད་ཁུལ་ཁོངས་སུ་བསྐྱོད་དེ། མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དང་རོགས་སྐྱོབ་མི་སྣའི་བདེ་འཇགས་འགན་ལེན་བྱས་ཡོད། རྗེས་མཇུག་བཀོད་སྒྲིག་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་ཏེ། ཐོབ་ཐང་གསལ་འབྱེད་ཚོགས་ཆུང་དང་སྣེ་ལེན་སེམས་གསོ་ཚོགས་ཆུང་སོགས་ཆེད་དོན་ལས་དོན་ཚོགས་ཆུང་7བཙུགས་ནས་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣའི་ནང་མིར་སྣེ་ལེན་དང་སེམས་གསོ་གཏོང་བའི་ལས་དོན་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་བཞིན་ཡོད།
ཀརྨ་ཚེ་བརྟན་གྱིས། བོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རོགས་སྐྱོབ་སྟོབས་ཤུགས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་བ་ཆད་པའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བཅས་བྱས་ནས་རོགས་སྐྱོབ་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག གེགས་ཁུལ་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ཏེ་རྗེས་མཇུག་ལས་དོན་གདུང་སེམས་ཆེན་པོས་ཡག་པོ་སྒྲུབ་ཀྱི་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།